༉ ལོ་རྒྱུས་སླབ་དོ་བཟུམ་འབད་བ་ཅིན་ ཏི་རུ་ཚུ་ ཕྱགས་སྙྭིགས་ནང་འདུག་ཟེར་མི་དེ་ ང་བཅས་ཀྱིས་ ལོག་ཅི་ལོག་ཅི་ར་ གོ་དོ་ཡོད་རུང་ གལ་སྲིད་ འདི་བཟུམ་གྱི་མནོ་ལུགས་དེ་ ཡུན་རིང་སུ་འབདཝ་ད་ ལུང་གཤོང་ཕྱགས་སྙིགས་ཀྱིས་ གང་དོ་ཡོད་པའི་ གནད་དོན་ཚུ་ཡང་ ཐོནམ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ སྔོ་ལྗང་ལས་སྡེ་གིས་ ཕྱགས་སྙིགས་བླུགས་མཛོད་ཁང་བཟོ་སྟེ་ ཕྱགས་སྙིགས་ཚུ་ དེ་ཁར་བླུགས་མི་དང་འབྲེལ་ དངུལ་ལེན་ཏེ་འགྱོ་དོ་ཡོདཔ་ལས་ འབྲུག་ཕྱགས་སྙིགས་བླུགས་མཛོད་དེ་ འཛམ་གླིང་དངུལ་ཁང་གི་ རྒྱབ་སྐྱོར་མ་དངུལ་ཐོག་ལས་ ཡུ་ཨེས་ཌི་ས་ཡ་༡.༥ འབད་མི་ལས་འགུལ་དེ་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
བསམ་དཔྱོད་དེ་ འཇམ་མཚམས་སྦེ་ ག་ར་འབད་རུང་ རང་གི་ཕྱགས་སྙིགས་ཚུ་ ཉེ་འདབས་ལུ་ཡོད་པའི་ ལྟེ་བ་ནང་བླུགས་ཞིནམ་ལས་ དངུལ་རྐྱང་ཚུ་ཐོབ་དོ་ཡོདཔ་བཞིན་དུ་ དེ་ཡང་ ཕྱགས་སྙིགས་གྱིབ་དམ་ སྤུས་ཚད་ཅན་དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥ རེ་དང་ གཞན་མི་ཚུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ རེ་སྦེ་ བཙོང་ཚུགས་ནི་ཨིན་པས།
སྔོ་ལྗང་ལས་སྡེ་ལས་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་འགུལ་དེ་གི་འོག་ལུ་ ལས་རིམ་གལ་ཅན་༣ ཡོད་ཟེར་ཨིནམ་ད་ ཕྱགས་སྙིགས་བཀྲམ་སྤེལ་ལས་དོན་དེ་ ཕྱགས་སྙིགས་བསྡུ་ལེན་དང་ སྐྱེ་ལྡན་ཐོན་སྐྱེད་ དེ་ལས་ གྱིབ་དམ་ཚུ་ཡོདཔ་སྦེ་ཨིན་པས།
འདི་བཟུམ་གྱི་ འབད་རྩོལ་དེ་གིས་ མི་སེར་ཚུ་ལུ་ སྤྲོ་བ་བསྐྱེད་བཅུག་དོ་ཡོདཔ་ད་ བྱ་སྤྱོད་འགྱུར་བ་ མི་སྡེ་དཔལ་འབྱོར་ལུ་དབང་ཆ་ ཁྱིམ་གུང་གི་གནས་རིམ་ ཡར་དྲག་ལ་སོགས་པ་ཚུ་ འབད་ཚུགས་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
སྔོ་ལྗང་ལས་སྡེ་དེ་ སྤྱི་ལོ་༢༠༡༠ ལུ་ འགོ་བཙུགས་ཡོདཔ་ད་ ཉིནམ་དེ་ལས་འགོ་བཙུགས་ གོ་རིམ་བཞིན་དུ་སྦེ་ སྤྱི་ལོ་༢༠༡༨ ལུ་ རྒྱུ་ཆས་མཐུན་རྐྱེན་གོང་འཕེལ་དང་ སྤྱི་ལོ་༢༠༡༩ ལུ་ ཨི་ཀོ་པཱལ་ཐོན་སྐྱེད་འབད་ནི་ དེ་ལས་ སྤྱི་ལོ་༢༠༢༣ ལུ་ ད་རུང་ ལས་རིམ་གཞན་ཚུ་ ཡར་སེང་འབད་ཡོདཔ་ཨིན་པས།
འབྲུག་དེ་ ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་གྲས་ལས་ ཁྲོམ་ཚོགས་གོང་འཕེལ་ མགྱོགས་དྲག་འགྱོ་མི་ཅིག་ཨིནམ་ད་ སྤྱི་ལོ་༢༠༤༧ གི་ནང་འཁོད་ལུ་ འབྲུག་གི་ཁྲོམ་ཚོགས་ལས་འགུལ་དེ་ བརྒྱ་ཆ་༥༦.༨ ལུ་ ལྷོད་ཚུགས་པའི་ཚོད་དཔག་ཡོདཔ་བཞིན་དུ་ ལས་འགུལ་དང་འཁྲིལ་བ་ཅིན་ ཆུ་ཤོག་གི་ཕྱགས་སྙིགས་ཊོན་༤༢༢ ཐོན་མི་ཚུ་ལུ་ ཁ་སྒྱུར་འབད་ནིའི་རེ་བ་དང་ འདི་བཟུམ་གྱི་ ཁ་སྒྱུར་ལས་རིམ་གྱིས་ ལོ་བསྟར་བཞིན་དུ་ ཧ་ལམ་མེ་ཊིག་ཊོན་༡,༢༦༦ ཕྱིར་སེལ་ འབད་ཚུགས་ནི་ཨིན་པས།
འདི་བཟུམ་གྱི་ ཐབས་ཤེས་དེ་ ལྷོ་ཨེ་ཤི་ཡ་གི་ གྲོགས་རམ་ཐོག་ལས་ གཙང་ཆུ་དང་ མཚོ་ཚུ་ནང་ ཆུ་ཤོག་མེདཔ་ བཟོ་ཚུགས་ནི་ཨིན་པས།
ལག་ལེན་དེ་ ལྷོ་ཨེ་ཤི་ཡ་ མཉམ་འབྲེལ་མཐའ་འཁོར་ལས་རིམ་ནང་ འབད་ནི་དང་ དེ་ཡང་ འཛམ་གླིང་སྤྱི་ཚོགས་ཡིག་ཚང་གིས་ ཞབས་ཏོག་ལས་འགུལ་གྱི་དོན་ལུ་ རྒྱབ་སྐྱོར་བྱིན་ཡོདཔ་ཨིན་པས།
ཐིམ་ཕུག་ལུ་བཟུམ་ཅིག་ འབད་བ་ཅིན་ སྤྱི་ལོ་༢༠༡༩ དང་ཕྱདཔ་ད་ སྤྱི་ལོ་༢༠༢༡ ལུ་ ཕྱགས་སྙིགས་མེ་ཊིག་ཊོན་༤,༨༠༠ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༩ ལུ་ ཕྱགས་སྙིགས་མེ་ཊིག་ཊོན་༡༤,༨༢༤.༨ ཐོན་མི་ལས་ བརྒྱ་ཆ་༡༣ དེ་ ཆུ་ཤོག་གི་ ཕྱགས་སྙིགས་ཚུ་ཨིན་ཟེར་ཨིན་པས།
ཁྱིམ་གུང་ཚུ་གིས་ ཉིན་བསྟར་བཞིན་དུ་ ཕྱགས་སྙིགས་ཊོན་༨༠ དེ་རེ་ ཐོན་དོ་ཡོད་མི་ལས་ བརྒྱ་ཆ་༥༡ དེ་ ཁྲོམ་ཚོགས་ནང་ལས་ ཐོན་དོ་ཡོདཔ་སྦེ་ཨིན་པས།
གཞུང་གིས་ འབྲུག་ཕྱགས་སྙིགས་མེད་པའི་མཉེན་ཆས་ཨེབ་ཅིག་ བཟོ་སྒྲིག་འབད་མི་གིས་ ད་ཚུན་ལུ་ ཕྱགས་སྙིགས་དང་འབྲེལབའི་ ཉེས་བྱ་ཕོག་མི་༤༣༦ དང་ ཕྱགས་སྙིགས་ཀྱི་གནད་དོན་ནང་ མི་༣༦༩ ཡོདཔ་སྦེ་ཨིན་པས།
འཕྲལ་ཁམས་ཀྱི་ འཛམ་གླིང་དངུལ་ཁང་གི་ སྙན་ཞུའི་བརྗོད་དོན་ འབྲུག་རྒྱལ་ཁབ་མཐའ་འཁོར་གནས་སྟངས་ དབྱེ་དཔྱད་ཟེར་མི་གིས་ སྔོ་ལྗང་འཕེལ་ཚད་ མདུན་སྐྱོད་གནས་ཐོའི་ གསལ་སྟོན་འབདཝ་ཨིནམ་ད་ འབྲུག་ལུ་ ཕྱགས་སྙིགས་བཀོག་ས་ འོས་འབབ་ཅན་ཅིག་མེད་པའི་ཁར་ གཙང་སྦྲ་ལྡན་པའི་ གཞི་རྟེན་ས་ཁོངས་ ཡང་ན་ ཕྱགས་སྙིགས་ཚུ་ ནུས་ཤུགས་ལུ་སོར་སྒྱུར་ འབད་བཏུབ་པའི་ མཐུན་རྐྱེན་ཚུ་མེདཔ་ཨིན་པས།
འཆར་གཞི་༡༣ པའི་ ཞལ་འཛོམས་ནང་འབད་བ་ཅིན་ ས་ཐོག་ལུ་ ཕྱགས་སྙིགས་གང་ནི་དེ་ མར་ཕབ་འབད་ཐོག་ལས་ ཕྱགས་སྙིགས་ལོག་ བསྐྱར་བཅོས་འབད་ནི་ གོང་འཕེལ་གྱི་ལས་རིམ་ཚུ་ ཡུན་རིང་གི་དོན་ལུ་ འབད་དོ་ཡོདཔ་སྦེ་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement