༉ ཆོས་རྒྱལ་ལྷ་མོ་གིས་ རྒྱལ་ཁབ་ནང་ ཕྱགས་སྙིགས་དང་འབྲེལ་བའི་གནད་དོན་ ཡར་སེང་འགྱོ་མི་དེ་ སེལ་ཐབས་འབད་དགོཔ་ཅིག་ཨིན་རུང་ མོ་གིས་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ལས་ལྷག་སྟེ་ ཨམ་སྲུ་ཚུ་ལུ་ དབང་ཆ་བྱིན་དགོ་པའི་ མངོན་གསལ་བྱུང་ནུག།
ད་རེས་ ཀྲོང་གསར་ལས་ སྐྱེས་ལོ་༤༨ ལང་མི་ ཚོང་འབྲེལ་པ་གིས་ རྒྱལ་ཁབ་ཀྱི་ ཕྱགས་སྙིགས་དང་འབྲེལ་བའི་དཀའ་ངལ་དེ་ རྒྱལ་ཁབ་ནང་འཁོད་ཀྱི་ ཨམ་སྲུ་ཚུ་གི་དོན་ལུ་ རེ་བའི་ལས་འགུལ་ཅིག་ལུ་ གཞི་སྒྱུར་འབད་དོ་ཡོདཔ་ཨིན་པས།
བཟའ་ཚང་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ ཆོས་རྒྱལ་ལྷ་མོ་གིས་ སྤྱི་ལོ་༢༠༠༨ ལས་ རག་རོ་བསྡུ་ལེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
མོ་གིས་ ཕྱགས་སྙིགས་ཤེལ་དམ་དང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ ག་ར་གིས་ མཐའ་འཁོར་གནས་སྟངས་ཀྱི་དོན་ལུ་རྐྱངམ་གཅིག་མེན་པར་ མོ་ར་བཟུམ་སྦེ་ ཡར་དྲག་འགྱོ་ནིའི་གོ་སྐབས་དགོ་མི་ མཐའ་ཟུར་གྱི་ཨམ་སྲུ་ཚུ་ལུ་ཡང་ འོས་འབབ་སྦོམ་ཡོདཔ་སྦེ་མཐོང་ནུག།
མོ་ར་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ ཕྱགས་སྙིགས་ཚུ་ ཐོན་སྐྱེད་ཅིག་ལུ་ འགྱུར་ནི་གི་ སྦྱོང་བརྡར་བྱིན་མི་ལས་ཚུར་ མི་ཚེ་ལེགས་སྒྱུར་སོང་ཡོདཔ་ད་ ཕྱགས་སྙིགས་བསྡུ་ལེན་འབད་ནི་ལས་ ཨམ་སྲུ་ཚུ་ལུ་ གྱིབ་ཤོག་ཐོག་ལས་ ཐོན་སྐྱེད་བཟོ་ནི་གི་ སློབ་སྟོན་འབད་ནི་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ཕྱགས་སྙིགས་སླར་བཟོ་འབད་ནི་རྐྱངམ་གཅིག་མེན་པར་ འཚོ་བའི་མཐུན་རྐྱེན་བཟོ་ནི་དེ་ཨིན་ཟེར་ཨིན་པས།
མོ་གི་ཧེ་མ་ ཨམ་སྲུ་ཅིག་གིས་ བརྩོན་ཤུགས་བསྐྱེད་དེ་ ཟླཝ་རེ་ནང་ དངུལ་ཀྲམ་༣༠༠༠ ལས་༤༠༠༠ གི་བར་ན་ འོང་འབབ་བཟོ་ཚུགས་ནུག།
གནད་དོན་དེ་ལུ་བརྟེན་ ཨམ་སྲུ་ལེ་ཤ་ཅིག་ལུ་ དབང་ཆ་བྱིན་ཞིནམ་ལས་ མི་ཚེ་གཞི་སྒྱུར་འབད་ནི་ལུ་ སེམས་ཤུགས་ཐོབ་ཅི་ཟེར་ ཆོས་རྒྱལ་ལྷ་མོ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༦ ཚུན་ཚོད་ ཆོས་རྒྱལ་ལྷ་མོ་གིས་ ཨམ་སྲུ་ཕྱགས་སྙིགས་ཝེསི་ཊ་རི་སའི་ཀཱལ་ཟེར་མི་ཅིག་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ དེ་ཡང་ རྒྱལ་ཁབ་ནང་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་སེལ་བའི་སྐབས་ ཨམ་སྲུ་ཚུ་ལུ་ དབང་ཆ་བྱིན་ཐབས་ལུ་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།
དེ་བཟུམ་མའི་ ལཱ་འབད་མི་ལུ་བརྟེན་ མོ་གིས་ སྤྱི་ལོ་༢༠༡༨ ལུ་ སཱག་ཨམ་སྲུ་ཚོང་འབྲེལ་གྱི་ མིང་གཏམ་ཅིག་ཡང་ ཐོན་ཡོདཔ་ད་ ཨམ་སྲུ་ཕྱགས་སྙིགས་ཝེསི་ཊ་རི་སའི་ཀཱལ་ མཐར་འཁྱོལ་བྱུང་པའི་ཤུལ་ལས་ མོ་གིས་ ཤི་སའི་ཀཱལ་ཐབས་ལམ་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་ད་ དེ་ནང་ ཕྱགས་སྙིགས་བསྡུ་ལེན་དང་ ཕྱགས་སྙིགས་སླར་བཟོ་ དེ་ལས་ སྟོབས་ཤུགས་ཆ་ཚང་ཅིག་ནང་ ཨམ་སྲུང་ཚུ་ དབང་ཆ་བཟོ་དོ་ཡོདཔ་ཨིན་པས།
ཤི་སའི་ཀཱལ་ཐབས་ལམ་གྱིས་ འགན་ཁུར་མཉམ་འབྲེལ་དང་ མི་སྡེ་རྒྱབ་སྐྱོར་གྱི་ གཞི་རྟེན་ཐོག་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།
རྫོང་ཁག་རེ་གི་ ཨམ་སྲུ་ཚུ་གིས་ ཟླ་རིམ་བཞིན་དུ་ མཉམ་འབྲེལ་རྩིས་ཁྲ་ནང་ དངུལ་ཀྲམ་༡༠༠ རེ་ བཙུགས་དགོཔ་ད་ དེ་ནང་ གློ་བུར་སྐབས་ ཉེན་སྲུང་གི་ དངུལ་འབྲེལ་རྒྱབ་སྐྱོར་ བྱིན་ཐབས་ལུ་ཨིན་པས།
ཐབས་ལམ་དེ་གིས་ ཨམ་སྲུ་ཚུ་གིས་ ཚོང་འབྲེལ་ཆུང་ཀུ་ཚུ་ གཞི་བཙུགས་འབད་ནི་ལུ་ ཕབ་ཆག་ཅན་གྱི་ སྐྱིན་འགྲུལ་ཡང་ བྱིན་ནི་ཨིན་པས།
ཨམ་སྲུ་ཚུ་ འགོ་ཁྲིདཔ་དང་ ཚོང་འབྲེལ་པ་ཅིག་བཟོ་ནི་གི་ སྦྱོང་བརྡར་ཚུ་བྱིན་ཐབས་ལུ་ ཤི་སའི་ཀཱལ་ཐབས་ལམ་གྱིས་ ཨམ་སྲུ་ཚུ་ལུ་ རང་སོའི་རིག་རྩལ་ལྷན་ཐབས་དང་ འོང་འབབ་བཟོ་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།
མོ་གིས་ ལས་སྣ་ཚུ་ རྫོང་ཁག་༡༠ དང་ རྒེད་འོག་༣ གྱི་ ཨམ་སྲུ་༡,༥༠༠ དེ་ཅིག་ལུ་ རྒྱ་སྐྱེད་འབད་དེ་ ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་གིས་ ཐོན་སྐྱེད་ལྷན་ཐབས་ལུ་ འཕྲུལ་ཆས་༣ བཀྲམ་སྤེལ་འབད་མི་གིས་ མོ་རའི་ ཚོང་འབྲེལ་གྱི་ གནས་ཚད་ཡར་དྲག་བཏང་ཚུགས་ཏེ་ ཡོདཔ་ཨིན་པས།
རྒྱལ་ཡོངས་གྲོས་སྟོན་ཚོགས་ཆུང་ལས་ རྒྱབ་སྐྱོར་ཐོབ་སྟེ་ ཤི་སའི་ཀཱལ་ཐབས་ལམ་གྱིས་ སློབ་གྲྭ་ངལ་གསོའི་སྐབས་ སློབ་ཕྲུག་༥༠ དེ་ཅིག་ལུ་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ད་ ཉིན་གྲངས་༢༡ གི་ ལས་རིམ་གྱིས་ ཨ་ལུ་ཚུ་ལུ་ རིག་རྩལ་གསརཔ་གསལ་སྟོན་འབད་ནི་གི་ གོ་སྐབས་ཚུ་ ཐོབ་ཡོདཔ་ཨིན་པས།
འགོ་བཙུགས་པའི་སྐབས་ ཨ་ལུ་ཚུ་ སེམས་ཤུགས་མེད་རུང་ ཤུལ་ལས་ རིག་རྩལ་གསརཔ་ ལྷབ་སྦྱང་འབད་ནི་ལུ་ སྤྲོ་བ་སྟོན་ཡོདཔ་ད་ སྦྱོང་བརྡར་དེ་ དམིགས་བསལ་གྱི་ མི་ཚུ་ལུ་ བྱིན་ནིའི་རེ་བ་ཡོད་ཟེར་ཨིན་པས།
ཤི་སའི་ཀཱལ་ཐོག་ལས་ སྦྱོང་བརྡར་འབད་མི་ ཨམ་སྲུ་ཚུ་གིས་ ཤེལ་དམ་ཚུ་ སླར་བཟོ་འབད་དེ་ ཐོན་སྐྱེད་འབད་ཡོདཔ་བཞིན་དུ་ ལྟ་བཤལཔ་ཚུ་ལུ ཚོང་འབྲེལ་འཐབ་སྟེ་ ཐོན་སྐྱེད་ཚུ་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་དང་ ཊིག་ཊོག་ཚུ་ནང་ གསལ་བསྒྲགས་འབད་དོ་ ཡོདཔ་ཨིན་པས།
ལས་རིམ་དེ་ མ་རྩ་དངུལ་ཀྲམ་ས་ཡ་༡ མ་ལངམ་ཅིག་བཏང་ཐོག་ལས་ གཞི་བཙུགས་འབད་མི་གིས་ ད་རེས་ རང་ཉིད་འཚོ་རྟེན་ཚོང་ལཱ་ཅིག་ལུ་ གྱུར་ཏེ་ཡོདཔ་ད་ ད་རེས་ ཅ་ཆས་མང་ཤོས་ཅིག་ རིན་མེད་སྟོང་པ་སྦེ་བྱིན་ཏེ་ ཆོས་རྒྱལ་ལྷ་མོ་ལུ་ ཚོང་འབྲེལ་ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་ཚུགས་དོ་ཡོདཔ་ཨིན་པས།
མོ་གི་ལས་སྡེ་ནང་ ལས་འགུལ་འཛིན་སྐྱོང་པ་བརྩིས་ཏེ་ ལས་བྱེདཔ་༤ ཡོད་མི་ཚུ་གིས་ ལས་སྡེ་གོང་འཕེལ་གཏང་ནི་ལུ་ ལཱ་རྩ་འགེངས་ཏེ་ འབད་དོ་ཡོདཔ་ཨིན་པས།
ཤུལ་མའི་ལོ་ངོ་༥ ལས་༡༠ གྱི་ནང་འཁོད་ལུ་ ཐོན་སྐྱེད་ཀྱི་ སྤུས་ཚད་ཡར་དྲག་གཏང་ནི་དང་ འཇོན་ཐངས་ཡར་སེང་འབད་ནི་ དེ་ལས་ མཁོ་འདོད་བསྐྱེད་མི་ཚུ་ གྲུབ་ཐབས་ལུ་ འཕྲུལ་ཆས་གོང་འཕེལ་ཅན་ཚུ་ནང་ མ་རྩ་གཞི་བཙུགས་འབད་ནི་གི་ འཆར་གཞི་ཡོདཔ་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།