བཀྲིས་ཕུན་ཚོགས།
༉ གཞུང་གིས་ ལོ་བསྟར་བཞིན་དུ་ ལྟ་བཤལཔ་༣༠༠,༠༠༠ འོང་ཚུགསཔ་བཟོ་ནིའི་ དམིགས་གཏད་བསྐྱེད་མི་དང་འཁྲིལ་ཏེ་ རྒྱལ་ཁབ་ནང་ ལྟ་བཤལ་ཞབས་ཏོག་བྱིན་མི་ལས་སྡེ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ དོགས་སྣང་བྱུང་བའི་གནས་སྟངས་ཅིག་ཨིན་པས།
ཁོང་གིས་ བདེན་ཁུངས་གཟང་མིའི་ནང་ མ་གཞི་གཞུང་གིས་ ཡུན་བརྟན་གོང་འཕེལ་འཐུས་བསྡུ་མི་ལུ་བརྟེན་ རྒྱལ་ཁབ་ལུ་ ཕན་ཐོགས་བྱུང་སྟེ་ཡོད་རུང་ ཁེ་སང་ངོ་མ་དེ་ ཕྱི་ཁའི་ངོ་ཚབ་ལས་སྡེ་ཚུ་གིས་ སྤྱོད་དོ་ཟེར་ཨིན་པས།
ལྟ་བཤལ་ལག་ལེན་འཐབ་མི་ ལས་སྡེ་ཚུ་གིས་ སླབ་མིའི་ནང་ ཕྱི་ཁའི་ངོ་ཚབ་ལས་སྡེ་ཚུ་གིས་ ནང་འཁོད་ལྟ་བཤལ་ལས་སྡེ་ཚུ་ མར་གནོན་འབད་དེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལྟ་བཤལཔ་ཚུ་གིས་ ནང་འཁོད་ལས་སྡེ་ཚུ་དང་འཁྲིལ་མ་དགོ་པར་ ཐད་ཀར་དུ་ ཡོངས་འབྲེལ་ཐོག་ལས་ སྐྱོད་ཐམ་གྱི་ གནང་བ་ཞུ་ནི་འདུག་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ ལྟ་བཤལ་ལས་སྡེའི་གནས་སྟངས་དེ་ ཉ་བཙོང་སའི་ ཁྲོམ་ནང་ལྷོད་དོ་བཟུམ་སྦེ་ རྒྱ་གར་གྱི་ལྟ་བཤལཔ་དང་ ལམ་སྟོན་པ་ཚུ་ གོང་ཚད་བསྒྲིག་ཐབས་ལུ་ འུར་བྱེལ་འཐབ་མི་དེ་ཡང་ ནང་འཁོད་གནམ་གྲུའི་གླ་ཆ་བ་ མངམ་སྦེ་སླབ་དོ་ཡོདཔ་ལས་ ལྟ་བཤལཔ་བརྒྱ་ཆ་༩༥ གིས་ བག་ཌོ་ར་ལས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ འཕུར་འགྲུལ་འབད་དོ་ཡོདཔ་ཨིན་པས།
ཐིམ་ཕུག་གི་ ཟ་ཁང་ཇོ་བདག་ཅིག་གིས་ སླབ་མིའི་ནང་ ད་ལྟོའི་སྲིད་བྱུས་ཀྱིས་ ཕྱི་ཁའི་མི་ཚུ་གི་ མང་ཉུང་དང་ སྤུས་ཚད་དང་བསྟུན་ འབད་ཆོགཔ་ལས་ སྤུས་ཚད་ལེགས་པའི་ཟ་ཁང་གནས་ཚད་༣ པ་ཚུ་གིས་ ཞག་གཅིག་ལུ་ ཉལ་ཁང་གི་འཐུས་དངུལ་ཀྲམ་༨༠༠ སླབ་སྟེ་ཡོདཔ་ལས་ གནས་ཚད་༤ པའི་ ཟ་ཁང་ཚུ་གིས་ཡང་ གནས་ཚད་༣ པའི་ ཟ་ཁང་གི་གནས་གོང་སྦེ་ མར་ཕབ་འབད་དེ་འདུག་ཟེར་ཨིན་པས།
གལ་སྲིད་ འཐུས་ཀྱི་གནས་སྟངས་དེ་ འཕྲོ་མཐུད་ལག་ལེན་འཐབ་པ་ཅིན་ ང་བཅས་ཀྱིས་ ཟླ་རིམ་བཞིན་དུ་ ཅོག་འཐདཔ་སྦེ་ བཏབ་མི་ཚུགས་ནི་མས་ཟེར་ ཟ་ཁང་གི་ཇོ་བདག་ཚུ་གིས་ སླབ་ཨིན་པས།
བར་ཆད་མེད་པར་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཕྱི་ཁའི་ངོ་ཚབ་ལས་སྡེ་ཚུ་གིས་ སྤྲོད་མི་འཐུས་ཚུ་ བྱ་ཐབས་མེད་པར་ ངོས་ལེན་འབད་དགོཔ་ཐོན་ཡོདཔ་ལས་ གཞུང་གིས་ ཞིབ་དཔྱད་མཐིལ་ཕྱིན་མ་འབད་བའི་ སྐྱོན་ཨིན་མས་ཟེར་ཨིན་པས།
བཟའ་ཚང་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ ལྟ་བཤལཔ་༣༠༠,༠༠༠ རྒྱལ་ཁབ་ནང་འོང་ཆོགཔ་བཟོ་རུང་ འཐུས་ཉུང་སོཔ་ལས་ ཁེ་ཕན་འབྱུང་མི་ཚུགས་ནི་མས་ཟེར་ཨིན་པས།
ལྟ་བཤལ་ལས་ཁུངས་ལས་ འགོ་དཔོན་གྱིས་ སླབ་མིའི་ནང་ གཞུང་གིས་ ཟ་ཁང་གི་འཐུས་ཚུ་ གཏན་འཁེལ་བཟོ་མི་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཁྲོམ་ཚོགས་ཀྱི་ གནས་སྟངས་དང་འཁྲིལ་ཏེ་ཨིནམ་ལས་ ལྟ་བཤལ་འགོ་འདྲེན་འཐབ་མི་ཚུ་བརྒྱུད་མ་དགོ་པར་ བཟའ་ཚང་ཚུ་གིས་ཡང་ ཐད་ཀར་དུ་ འོང་ཚུགསཔ་བཟོ་ཐབས་ལུ་ ཚོང་འབྲེལ་འཐབ་དགོཔ་གལ་ཆེ་བས་ཟེར་ཨིན་པས།
ལྟ་བཤལ་ལག་ལེན་འཐབ་མི་ཚུ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ འབྲུག་ལུ་ ལྟ་བཤལཔ་༣༠༠,༠༠༠ ཤོང་ཚུགས་པའི་ ཟ་ཁང་ཚུ་ཡོད་ག་ཟེར་ སླབ་དོ་ཡོདཔ་ད་ དེ་ཡང་ ད་རེས་ གནས་ཚད་༣ པའི་ ཟ་ཁང་༡༨༤ དང་ གནས་ཚད་༤ པའི་ཟ་ཁང་༡༥ གནས་ཚད་༥ པའི་ཟ་ཚང་༢༠ གནས་ཚད་༡ འབད་མི་ ཟ་ཁང་༡༡༧ དེ་ལས་ གནས་ཚད་༢ འབད་མི་ཟ་ཁང་༥༥ ལས་བརྒལ་མིན་འདུག་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ ལྟ་བཤལཔ་༣༠༠,༠༠༠ འོང་དགོ་པ་ཅིན་ ཉིན་བསྟར་བཞིན་དུ་ ལྟ་བཤལཔ་༨༢༡ རེ་ འོང་ནི་ཨིནམ་ལས་ ཉལ་ཁང་༤༡༠ དགོཔ་བཞིན་དུ་ ཉལ་ཁང་རེ་ནང་ མི་༢ སྡོད་དགོཔ་འཐོན་ནི་ཨིན་པས།
འདི་བཟུམ་སྦེ་ གལ་སྲིད་ ལྟ་བཤལཔ་༨༢༡ ཐིམ་ཕུག་ལུ་ སྡོད་དགོ་པ་ཅིན་ ཟ་ཁང་༤༠ དགོ་ནི་ཨིནམ་ལས་ ད་རེས་ ཐིམ་ཕུག་གི་ ཟ་ཁང་ཚུ་ནང་ མཐོ་ཤོས་ར་ ཁང་མིག་༤༠ འོང་ནི་ཨིན་པས།
ལྟ་བཤལཔ་འགོ་འདྲེན་འཐབ་མི་ཚུ་གིས་ སླབ་མིའི་ནང་ ལྟ་བཤལ་ལས་ཁུངས་ཀྱིས་ ལྟ་བཤལཔ་ཚུ་ དོན་སྨིན་ཅན་སྦེ་ ལྟ་རྟོག་དང་ འགོ་འདྲེན་འཐབ་ནི་ མིན་འདུག་ཟེར་ཨིནམ་ད་ དེ་ཡང་ ཐིམ་ཕུག་དང་ སྤ་རོ་ལུ་ གླ་འཁོར་དེད་གཡོགཔ་ཚུ་གིས་ཡང་ ལམ་སྟོན་པ་མེདཔ་སྦེ་ ལྟ་བཤལཔ་ཚུ་ འཁྱིད་འགྱོ་ནི་འདུག་ཟེར་ཨིནམ་ད་ དེ་འབདཝ་ལས་ སྦྱོང་བརྡར་མཐར་འཁྱོལ་མི་ ལྟ་བཤལ་ལམ་སྟོན་པ་ཚུ་གི་ ལཱ་གཡོག་ཚུ་ གླ་འཁོར་དེད་གཡོགཔ་ཚུ་ལུ་ ཤོརཝ་མས་ཟེར་ཨིན་པས།
གནད་དོན་གཞན་མི་ཅིག་ནང་ ལམ་སྟོན་པ་ཚུ་གིས་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་དོ་ཡོདཔ་ལས་ དལ་ཁོམས་མེད་པའི་ གནས་སྟངས་ནང་ནུག་ཟེར་ཨིན་པས།
ལྟ་བཤལ་ལམ་སྟོན་པ་ཚུ་གིས་ ལྟ་བཤལཔ་སྡེ་ཚན་ཚུ་ ཕུན་ཚོགས་ལས་ ཝང་ཁ་ ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་སྒོ་ར་ཚུན་ འཁྱིད་ཞིནམ་ལས་ ལམ་སྟོན་པ་མེད་པར་ ལྟ་བཤལཔ་རྐྱངམ་གཅིག་སྦེ་ བཏངམ་མས་ཟེར་ཨིན་པས།
དེ་ལས་ ལམ་སྟོན་པ་ཁོང་ར་ གཞན་ལྟ་བཤལ་སྡེ་ཚན་ལེན་པར་ ལོག་ཕུན་ཚོགས་གླིང་ལུ་ འགྱོ་དོ་ཡོདཔ་ད་ འདི་བཟུམ་སྦེ་ ལམ་སྟོན་པ་ཚུ་གིས་ ཉིནམ་༡ ནང་ ཚར་༢ ལས་༣ ཚུན་ སྐྱེལ་འདྲེན་འབདཝ་མས་ཟེར་ཨིན་པས།
ལྟ་བཤལ་སྲིད་བྱུས་གསརཔ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ཨིནམ་ད་ དེ་ཡང་ ཚོང་འབྲེལ་སྐྱོ་དྲགས་ཅན་གྱི་ གྲུབ་འབྲས་ལུ་བརྟེན་ཨིནམ་ད་ ལྟ་བཤལ་འགོ་འདྲེན་འཐབ་མི་ཚུ་གིས་ སླབ་མིའི་ནང་ ལྟ་བཤལ་འགོ་འདྲེན་འཐབ་མི་ ལས་སྡེ་ཚུ་གིས་ ཆོག་ཐམ་རྩིས་སྤྲོད་ཡོད་པའི་ཁར་ ནད་ཡམས་ཀོ་བིཌ་༡༩ འི་ཧེ་མར་ ཆོག་ཐམ་འཆང་མི་༤,༠༠༠ ཡོད་རུང་ ད་རེས་ ཆོག་ཐམ་འཆང་མི་༡,༥༠༠ ལས་བརྒལ་མེད་ཟེར་ཨིན་པས།
སྲིད་བྱུས་བརྟན་ཏོག་ཏོ་ཅིག་མེདཔ་ལས་ ལྟ་བཤལ་མར་ཉམས་འགྱོ་དོ་ཡོདཔ་བཞིན་དུ་ ད་རེས་ ཆོག་ཐམ་ལོག་རྩིས་སྤྲོད་འབད་མི་དེ་ཡང་ གཙོ་བོ་ར་ ཨེ་ཤི་ཡཱན་ཁྲོམ་ཚོགས་དང་གཅིག་ཁར་ ལཱ་འབད་མི་ལུ་བརྟེན་ཨིན་ཟེར་ ལྟ་བཤལ་ལས་སྡེ་ཅིག་གིས་ སླབ་ཨིན་པས།
ཅའེ་ནིསི་ལས་སྡེ་ཅིག་གིས་ ནང་འཁོད་ལྟ་བཤལ་ལས་སྡེ་གཅིག་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་མི་དེ་ བཤོལ་བཞག་ཡོདཔ་སྦེ་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱི་ འགོ་དཔོན་གྱིས་ སླབ་མིའི་ནང་ ལྟ་བཤལ་ལས་སྡེ་ མང་ཤོས་ཅིག་གིས་ ཐབས་ལམ་བཏོན་ཏེ་ ཆ་རོགས་གསརཔ་ མི་འཚོལ་དོ་བཟུམ་སྦེ་ དམིགས་བསལ་ཐོན་སྐྱེད་ཚུ་ལུ་ དམིགས་གཏད་མི་བསྐྱེད་པས་ཟེར་ཨིན་པས།
སྣུམ་འཁོར་ཇོ་བདག་ཚུ་གིས་ སླབ་མིའི་ནང་ ད་རེས་ སྣུམ་འཁོར་གླ་ཁར་ལེན་ནི་དེ་ཡང་ མར་ཉམས་སོང་ཡི་ཟེར་ཨིནམ་ད་ དེ་ཡང་ གདོང་ཁར་ལཱ་འབད་མི་དང་ ཕྱི་ཁའི་ངོ་ཚབ་ལས་སྡེ་ཚུ་གིས་ ཁོང་རའི་སྣུམ་འཁོར་ཚུ་ རྒྱལ་ཁབ་ནང་ཡོདཔ་ལས་ བྱ་ཐབས་མེད་པར་ ནང་འཁོད་ཀྱི་ སྣུམ་འཁོར་གླ་ཆ་ཚུ་ཡང་ ཉུང་སུ་སྦེ་ བྱིནམ་མས་ཟེར་ཨིན་པས།
ལྟ་བཤལ་ལས་སྡེ་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཕྱིའི་མ་དངུལ་གསོག་འཇོག་ ཡར་སེང་མ་འགྱོ་མི་དེ་ དངུལ་ཁང་ནང་ ཡུན་བརྟན་གོང་འཕེལ་འཐུས་མ་གཏོགས་མེདཔ་ད་ གཞན་མི་ཚུ་གིས་ དངུལ་རྐྱང་སྦེ་ འབག་འོང་མི་དང་ ལྟ་བཤལཔ་ལས་སྡེ་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ དངུལ་རྐྱང་འབག་འོང་བཅུག་ཞིནམ་ལས་ གོང་ཚད་མཐོ་སུ་སྦེ་ ནག་ཚོང་རྐྱབ་མས་ཟེར་ཨིན་པས།
རྒྱ་གར་གྱི་ ལྟ་བཤལཔ་མང་ཤོས་ཅིག་ ཕུན་ཚོགས་གླིང་བརྒྱུད་དེ་ འོང་དོ་ཡོདཔ་ལས་ ཇའི་སྒང་གི་ ལྟ་བཤལ་ལས་སྡེ་ཚུ་གིས་ རུ་པི་ཚུ་ དངུལ་ཀྲམ་ལུ་ བརྗེ་སོར་འབད་དེ་ འབག་འོང་དོ་ཡོདཔ་ཨིན་པས།
ལྟ་བཤལ་ལས་སྡེ་གིས་ སླབ་མིའི་ནང་ གཞུང་ལུ་ འདི་བཟུམ་མའི་གནད་དོན་ཚུ་ བཀོད་དགོ་མི་དེ་ཡང་ སྲིད་བྱུས་བསྒྱུར་བཅོས་འབད་མི་ལུ་བརྟེན་ ཕྱི་དངུལ་བརྗེ་སོར་ཉམས་འགྱོ་མི་དང་ ཁྲལ་ལས་ཟུར་མི་ ཟ་ཁང་ཚུ་ལུ་གནོད་སྐྱོན་ སྤུས་ཚད་ཅན་གྱི་ཞབས་ཏོག་མར་ཉམས་ དེ་ལས་ ལྟ་བཤལཔ་ཚུ་གི་ ཉམས་མྱོང་ཚུ་ལུ་བརྟེན་ཏེ་ཨིན་ཟེར་ ཨིན་པའི་གནས་ཚུལ།

Advertisement