༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཕྱི་ཁའི་སྨན་གཡོགཔ་བཙུགས་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ ཌོག་ཊར་དང་ སྨན་གཡོགཔ་བརྩིས་ཏེ་ གསོ་བའི་ལས་བྱེདཔ་ཚུ་ ནང་འཁོད་གསོ་བའི་ལས་གཡོག་ཚུ་གི་ སེམས་ཤུགས་ལུ་ ཕན་གནོད་ཚུ་ ག་དེ་སྦེ་འོང་གའི་ ཚ་གྱང་བཤད་ཡོདཔ་ཨིན་པས།
ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཌོག་ཊར་ཚུ་གིས་ བཤད་མིའི་ནང་ ཕྱའི་སྨན་གཡོགཔ་གསར་བཙུགས་འབད་ནི་སྦེ་ ཐག་བཅད་མི་ལུ་ སྟབས་མ་བདེཝ་ལེ་ཤ་ཡོད་ཟེར་ཨིན་པས།
ཌོག་ཊར་ཅིག་གིས་ སླབ་མིའི་ནང་ འབྲུག་པའི་ལམ་ལུགས་ནང་ ཕྱིའི་སྨན་གཡོགཔ་ཚུ་ འབྲེལ་མཐུན་འབདཝ་ད་ གདོང་ལེན་འབྱུང་ནི་ཨིནམ་བཞིན་དུ་ ཁོང་གིས་འབད་རུང་ ང་བཅས་རའི་ ལམ་ལུགས་ནང་ གནས་ཚུགས་པར་ ལཱ་ཁག་གཏང་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ལཱ་འབད་ཐངས་ཀྱི་ ལམ་ལུགས་ཚུ་དང་ གོམས་འདྲིས་ཚུད་ ཚུགས་པར་ཡང་ གདོང་ལེན་འབྱུང་འོང་ཟེར་ ཌོག་ཊར་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དཀའ་ངལ་གཞན་མི་དེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་ལས་བྱེདཔ་ཚུ་གིས་ སྨན་གྱི་མིང་ཚུ་ཡང་ སྤྱི་མཚན་དེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཁ་སྐད་དང་འབྲེལ་བའི་ དཀའ་ངལ་ཚུ་ འབྱུང་ནི་མས་ཟེར་ཨིན་པས།
ཕྱིའི་སྨན་གཡོགཔ་ མང་ཤོས་ཅིག་གིས་ རྒྱ་གར་གྱིས་ ཚོང་འབྲེལ་འཐབ་མི་ སྨན་གྱི་མིང་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
བློན་པོའི་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་ ཞལ་འཛོམས་འཚོགས་པའི་སྐབས་ གསོ་བའི་དྲུང་ཆེན་ པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་གཡོགཔ་ མ་ལང་དང་པའི་ཚད་གཞི་ བརྒྱ་ཆ་༣༠ ལུ་ལྷོད་ཡོདཔ་ལས་ ཕྱིའི་སྨན་གཡོགཔ་ གསར་བཙུགས་འབད་ནི་དེ་ དགོས་མཁོ་ཅན་སྦེ་ ཐོན་སོ་ཡི་ཟེར་ཨིན་པས།
སྤུས་ཚད་དང་ མཁས་མཆོག་ལུ་ བདེ་སྒྲིག་འབྱུང་ནི་ཨིནམ་བཞིན་དུ་ ད་ལྟོ་ དགོས་མཁོ་ཡོདཔ་ལས་ དེ་དང་འཁྲིལ་ཏེ་ འབད་དགོ་ཟེར་ཨིན་པས།
པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཕྱིའི་སྨན་གཡོགཔ་ཚུ་ཡང་ གནས་ཚད་ཅན་ ངེས་བརྟན་བཟོ་ཐབས་ལུ་ ཤེས་ཚད་དང་ ཉམས་མྱོང་ དེ་ལས་ ང་བཅས་རའི་ གསོ་བའི་གནས་སྟངས་ནང་ དམིགས་བསལ་སྦེ་ གནས་ཚུགས་ཡོད་མི་གི་ ཚད་གཞི་དང་འཁྲིལ་ཏེ་ གསར་བཙུགས་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲོ་མཐུད་ལྟ་རྟོག་དང་ དབྱེ་ཞིབ་བྱ་སྒོའི་ལམ་ལུགས་ གཏན་འཇགས་དབྱེ་ཞིབ་དང་ ནདདཔ་དང་ གསོ་བའི་ལས་བྱེདཔ་གཞན་ཚུ་ལས་ བསམ་ལན་ཚུ་ བསྡུ་ལེན་འབད་འོང་ཟེར་ཨིན་ས།
སྨན་གཡོགཔ་མ་ལང་པའི་དཀའ་ངལ་དེ་ མཐོ་ཤོས་ར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ཡོདཔ་ལས་ ཕྱིའི་སྨན་གཡོགཔ་ཚུ་ སྨན་ཁང་ནང་ བགོ་བཀྲམ་འབད་ནི་ཨིན་པས།
གསོ་བའི་ལས་བྱེདཔ་ཚུ་གིས་ ཚ་གྱང་ཡོད་ལུགས་བཤད་མིའི་ཐད་ཁར་ དྲུང་ཆེན་པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ འཇོན་ཐངས་ཅན་སྦེ་ འབྲེལ་མཐུན་འབད་ནིའི་དོན་ལས་ ཕྱིའི་སྨན་གཡོགཔ་ཚུ་ལུ་ འབྲུག་པའི་ལམ་སྲོལ་དང་ གསོ་བའི་ལམ་ལུགས་ཐོག་ལས་ གོམས་འདྲིས་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཟེར་ཨིན་པས།
དེ་ལས་ གསོ་བའི་འགན་འཛིན་དང་ ནདཔ་བདག་འཛིན་ འཇོན་ཐངས་ཅན་གྱི་ བརྡ་དོན་སྐོར་ལས་ཡང་ སྦྱོང་བརྡར་ཚུ་ བྱིན་ནིའི་ལས་རིམ་ཡོདཔ་ཨིན་པས།
ཨིན་རུང་ འབྲུག་པའི་ཌོག་ཊར་དང་ སྨན་གཡོགཔ་ཚུ་ལུ་ ཚ་གྱང་དེ་ འབྲེལ་མཐུན་རྐྱངམ་གཅིག་མེན་པར་ གཙོ་བོ་ར་ ནང་འཁོད་དང་ ཕྱིའི་སྨན་གཡོགཔ་བར་ན་ ཟླ་རིམ་དངུལ་ཕོགས་ཀྱི་ ཁྱད་པར་ཆགས་ནིའི་ ཉེན་ཁ་ཡོད་མི་དེ་ཨིན་པས།
ཕྱིའི་སྨན་གཡོགཔ་ཚུ་ ལོ་༢ ཀྱི་དོན་ལུ་ བཙུགས་ནི་ཨིནམ་ད་ ཁོང་ཆ་ཁྱབ་ལུ་ ཟླ་རིམ་གྱི་དངུལ་ཕོགས་ ཡུ་ཨེསི་ཌོ་ལར་༨༠༠ ལས་༡,༠༠༠ འབདཝ་ད་ དངུལ་ཀྲམ་༦༦,༠༠༠ ལས་༨༠,༠༠༠ འི་བར་ན་ བྱིན་ནི་ཨིན་པས།
ལུང་ཕྱོགས་སྨན་ཁང་གི་ སྨན་གཡོགཔ་ཅིག་གིས་ སླབ་མིའི་ནང་ ད་རེས་ སྨན་གཡོགཔ་གོངམ་ཚུ་གིས་ གྲོས་འཆར་བཙུགས་དོ་བཟུམ་སྦེ་ ཟླ་རིམ་གྱི་ དངུལ་ཕོགས་འཐོབ་ནི་མེདཔ་ད་ ལོ་༡༠ གྱི་རིང་ཕྱག་ཞུ་མི་ གསོ་བའི་སྨན་གཡོགཔ་ཚུ་ཡང་ ཡུ་ཨེསི་ཌོ་ལར་༡,༠༠༠ འཐོབ་ནི་མེད་ཟེར་ཨིན་པས།
ཌོག་ཊར་ཅིག་གིས་ བཤད་མིའི་ནང་ ནང་འཁོད་ལས་ ཕྱིའི་སྨན་གཡོགཔ་ཚུ་ལུ་ ཟླ་རིམ་གྱི་ དངུལ་ཕོགས་མངམ་བྱིན་པ་ཅིན་ ཤུལ་ལས་ སེམས་ཤུགས་ཉམས་ནི་གི་ གཞི་གནད་ཅིག་ཨིནམ་ད་ གལ་སྲིད་ དངུལ་ཕོགས་ཀྱི་བར་ན ཁྱད་པར་ལེ་ཤ་ཆགས་པ་ཅིན་ སྨན་གཡོགཔ་དགོངས་ཞུ་འགྱོ་མི་ ལྷག་པར་དུ་ ཡར་སེང་མི་འགྱོ་ག་ཟེར་ ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།
ལོ་༡༠ དེ་ཅིག་ ཌོག་ཊར་སྦེ་ ཕྱག་ཞུ་མི་གིས་ ཚ་གྱང་ཅོག་འཐདཔ་སྦེ་ བཤད་ཡོདཔ་བཞིན་དུ་ ད་ལྟོའི་ ཕྱིའི་སྨན་གཡོགཔ་ཚུ་གི་ ཟླ་རིམ་དངུལ་ཕོགས་ཀྱི་ གྲོས་འཆར་བཙུགས་དོ་བཟུམ་ ཁོང་ཆ་ཁྱབ་ཡང་ འཐོབ་ནི་མེདཔ་ལས་ གསོ་བའི་ཞབས་ཏོག་ལུ་ ཐོ་མི་ཕོག་ག་ཟེར་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
སྨན་གཡོགཔ་ཅིག་གིས་ སླབ་མིའི་ནང་ ཕྱིའི་སྨན་གཡོགཔ་ཚུ་ གལ་ཅན་སྦེ་ འཁྱིད་འོང་སྟེ་ ལཱ་ཅོག་འཐདཔ་སྦེ་ འབད་ནི་ཨིན་རུང་ འབྲུག་པའི་སྨན་གཡོགཔ་ གོངམ་ཅིག་ལས་མཐོཝ་སྦེ་ ཟླ་རིམ་གྱི་ དངུལ་ཕོགས་བྱིན་་ནི་མས་ཟེར་ཨིན་པས།
སྨན་གཡོགཔ་གཞན་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ སྨན་གཡོགཔ་ཚུ་གི་ རིག་རྩལ་གོང་འཕེལ་གཏང་ནིའི་དོན་ལུ་ མ་རྩ་གཞི་བཙུགས་ཚད་ཅིག་ལས་བརྒལ་ འབད་ནི་མེདཔ་ད་ སྨན་གཡོགཔ་གཞོནམ་ཚུ་ལུ་ ཁོང་རའི་ ཚེ་གཡོག་གོང་འཕེལ་གཏང་ནི་ལུ་ གོ་སྐབས་མངམ་ བྱིན་དགོཔ་ཨིན་རུང་ ད་རེས་ བྱིན་ནི་མིན་འདུག་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།