༉ གསར་སྤང་ཨུམ་གླིང་ དགའ་ལྡན་སྤྱི་འོག་ནང་ སྐྱེས་ལོ་༦༠ ལང་མི་ ལ་རྒྱབ་དབང་འདུས་ཀྱིས་ སྤྱི་ལོ་༡༩༩༩ ལུ་ ཁོ་ར་པདྨ་དགའ་ཚལ་ལས་ གནས་སྤོ་འོང་སྟེ་ ད་ལྟོ་ཁོ་ལུ་ ཆུ་ཞིང་ཨེ་ཀར་༣.༡༢ ཡོད་མི་དེ་ བགོ་བཤའ་ཁར་ སྤྲོད་དེ་ཡོདཔ་ཨིན་པས།
ལཱ་འབད་མི་ འཐོབ་མ་ཚུགས་མི་ལུ་བརྟེན་ ཁོ་ར་རྐྱངམ་གཅིག་གིས་ ལཱ་འབད་ནི་ལུ་རྩ་འགེངས་ཡོདཔ་ད་ ཁོ་གིས་ བགོ་བཤའ་སྦེ་སྤྲོད་ནི་ལས་བརྒལ་བའི་ ཐབས་ཤེས་གཞན་མེད་མི་དེ་ཡང་ གལ་སྲིད་ རང་གིས་ལཱ་འབད་མ་ཚུགས་པ་ཅིན་ ས་ཆ་དེ་ སྤང་ལུས་ནི་མས་ཟེར་ཨིན་པས།
འགོ་བཙུགས་པའི་སྐབས་ལུ་ ལ་རྒྱབ་ཀྱིས་ ཁོ་རའི་ཞིང་དེ་ རྒྱ་གར་གྱི་ལས་མི་ཚུ་དང་བགོ་བཤའ་སྦེ་ གསུམ་དཔྱ་རེ་སྦེ་ སྤྱོད་ཡོད་རུང་ ཤུལ་ལས་ ཕྱི་མི་ཚུ་ལུ་ ཞིང་ལཱ་འབད་མ་ཆོགཔ་བཟོ་ཞིནམ་ལས་ ཁོ་གིས་ ནང་འཁོད་ཀྱི་ ལས་མི་ཚུ་དང་མཉམ་འབྲེལ་ཐོག་ལས་ ཞིང་ཚུ་བགོ་བཤའ་ཁར་སྤྲོད་ཅི་ཟེར་ཨིན་པས།
ནང་འཁོད་ཀྱི་ ལས་མི་ཚུ་ལས་ བགོ་བཤའ་དེ་ ལོ་རེ་ནང་ ཀེ་ཇི་༡༥ རེ་ཤོང་མི་སྤྲིན་༥༠ ལེན་དོ་ཡོདཔ་ཨིན་རུང་ དུས་ཅི་འབདཝ་ད་ སྤྲིན་༥ མ་གཏོགས་ མི་འཐོབ་ནི་ཨིན་མི་དེ་ཡང་ བགོ་བཤའ་རྐྱབ་མི་གིས་ ཞིང་ཡོངས་རྫོགས་སྦེ་ ལཱ་འབད་མ་ཚུགས་མི་ལུ་བརྟེན་ཨིནམ་ལས་ ང་གིས་ ཞིང་དེ་བཙོང་ནིའི་རེ་བ་བསྐྱེད་མི་དེ་ཡང་ ང་ར་ཞིང་ལཱ་འབད་ནིའི་ ལྕོགས་གྲུབ་མེད་ཟེར་ཨིན་པས།
ཁོ་བཟུམ་སྦེ་ར་ སོ་ནམ་པ་ མང་ཤོས་ཅིག་ལུ་ དཀའ་ངལ་ཚུ་བྱུང་དོ་ཡོདཔ་མ་ཚད་ དམིགས་བསལ་གྱི་ ལོ་ན་རྒས་མི་ཚུ་ལུ་ དཀའ་ངལ་ཡོདཔ་ལས་ གསར་སྤང་གཡུས་ཚན་ནང་ ལས་མི་མེད་པའི་དཀའ་ངལ་དང་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་ལུ་བརྟེན་ གདོང་ལེན་ཚུ་ སྦོམ་ར་བྱུང་དོ་ཡོད་པའི་གུ་ ཆུ་གཡུར་མེད་མི་གིས་ སོ་ནམ་པ་ཚུ་ ཞིང་བཙོང་ནི་ལུ་ ཨུ་ཚུགས་བསྐྱེད་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ གཞུང་གི་ཁ་ཐུག་ལས་ ཕྱི་མི་ཚུ་ ཉིན་མ་ལཱ་འབད་ནིའི་དོན་ལུ་ ལས་མི་བཙུགས་ཆོགཔ་སྦེ་ བཟོ་མི་དེ་གིས་ སོ་ནམ་པ་ཚུ་ལུ་ དུམ་གྲ་ཅིག་ ལེགས་ཤོམ་འགྱོ་ནི་མས་ཟེར་ ལ་རྒྱབ་དབང་འདུས་ཀྱིས་ བཤད་པའི་ཁར་ ལ་ལོ་ཅིག་གིས་ འཕྲོ་མཐུད་དེ་ར་ ཞིང་ལཱ་འབད་དོ་ཡོད་རུང་ ལ་ལོ་ཅིག་སང་ཕོད་ལས་ ལོག་ལཱ་འབད་ནི་ཨིན་ཟེར་ཨིན་པས།
ས་མཚམས་ཁའི་ ཕྱི་མི་ལས་མི་ཚུ་ རྒྱལ་ཁབ་ནང་ ཉིན་ལཱ་འབད་ནིའི་དོན་ལུ་ ཡུན་རིངམོ་སྦེ་ར་བསྒུགས་ཡོདཔ་ད་ འདི་བཟུམ་གྱི་གནད་དོན་ཐོག་ལུ་ རྒེད་འོག་ཚོགས་སྡེ་དང་ རྒེད་འོག་འཛོམས་འདུ་ཚུ་ནང་ ཡང་བསྐྱར་གྲོས་བསྡུར་ཚུ་འབད་ཡི་ཟེར་ཨིན་པས།
ད་རེས་ནངས་པར་ སོ་ནམ་པ་ཁྱིམ་གུང་༢༠ དེ་ཅིག་ མཉམ་བསྡོམས་ཐོག་ལས་ སྡེ་ཚན་བཟོ་སྟེ་ ལྕང་ལཱ་རྐྱབ་ནིའི་དུས་ཚོད་དང་ འབྱ་ལཱ་རྐྱབ་ནིའི་དུས་ཚོད་ཁར་ ལས་མིའི་དོན་ལུ་ བདེ་སྒྲིག་འབད་ནི་ཨིནམ་ད་ ལས་མི་མེད་མི་ལུ་བརྟེན་ ལྕང་ལཱ་ཕྱིས་ཏེ་རྐྱབ་ད་ ཐོན་ཤུགས་ཡང་ ལེགས་ཤོམ་མིན་འདུག་ཟེར་ཨིན་པས།
གཡུས་ཚན་ནང་ སོ་ནམ་པ་མང་ཤོས་ར་ རྒན་ཤོས་ཚུ་གིས་ བདག་འཛིན་འཐབ་སྟེ་ཡོདཔ་ལས་ སོ་ནམ་ལཱ་འབདཝ་ད་ འཛིན་སྐྱོང་འབད་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
སྐྱེས་ལོ་༧༧ ལང་མི་ པདྨ་དང་ སྐྱེས་ལོ་༦༢ ལང་མི་ ཉིམ་རྡོ་རྗེ་གཉིསཔོ་དེ་ ལོ་དང་ན་ཚོད་རྒས་སོ་རུང་ ཞིང་ལཱ་འབད་ནི་ནང་ རྩ་འགེངས་དོ་ཡོདཔ་ཨིན་པས།
ཕྱི་མི་ལས་མི་ ལེན་ཆོགཔ་སྦེ་བཟོ་བ་ཅིན་ ང་བཅས་ཆ་ཁྱབ་ ལཱ་འབད་མི་མེད་པའི་ དཀའ་ངལ་སེལ་ཚུགས་ནི་མས་ཟེར་ ཉིམ་རྡོ་རྗེ་གིས་ བཤད་དོ་ཡོདཔ་ད་ ང་ལུ་ས་ཆ་ ཨེ་ཀར་༢.༣༣ ཡོདཔ་ད་ དེ་ཁར་ལཱ་འབད་ནི་དེ་ ལོ་ན་རྒས་ནི་དེ་གིས་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
པདྨ་གིས་ ཧེ་མའི་དྲན་སྣང་བཟུམ་ཅིག་འབད་བ་ཅིན་ ཞིང་ཚུ་ བགོ་བཤའ་རྐྱབ་མི་ཡོད་པའི་ཁར་ ཉིན་མའི་ལཱ་འབད་ནི་དོན་ལུ་ ལས་མི་ཚུ་ཐོབ་དོ་ཡོདཔ་ལས་ ཤུལ་ལས་ དེ་ཚུ་མེདཔ་བཟོ་མི་གིས་ ཞིང་ཚུ་སྤང་ལུས་སོ་ཡི་ཟེར་ཨིནམ་ད་ ཉིན་ལཱ་འབད་མི་ཚུ་ ལེན་ཆོགཔ་འདྲཝ་འབད་བ་ཅིན་ ཞིང་ཚུ་སྤང་མི་ལུས་ནི་མས་ཟེར་ ད་ལྟོ་ ས་ཞིང་ཨེ་ཀར་༢.༣༠ ཡོད་མི་ དགའ་ལྡན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།