༉ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ རྒྱལ་ཁབ་ནང་ ཏི་རུ་བཏང་མི་དེ་གིས་ དངུལ་འབྲེལ་གྱི་རྒྱབ་སྐྱོར་འབད་དོ་ཡོདཔ་ལས་ དངུལ་འབྲེལ་གདོང་ལེན་ཚུ་ སེལ་ཐབས་འབད་ཚུགས་དོ་ཡོདཔ་ཨིན་པས།
འབྲུག་མི་ལེ་ཤ་ར་ ཕྱི་རྒྱལ་ལུ་ ཤེས་ཡོན་སྦྱང་སྟེ་ཡོདཔ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱལ་ཁབ་ནང་ ཏི་རུ་འོང་མི་དེ་ སྤྱི་ལོ་༢༠༢༤ མཇུག་བསྡུ་བའི་སྐབས་ དངུལ་ཀྲམ་ཐེར་འབུམ་༡༠ འོང་ཡོདཔ་སྦེ་ ཚོད་དཔག་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༩ པའི་ནང་འཁོད་ལུ་ ཕྱི་རྒྱལ་ལས་ དངུལ་ཀྲམ་ཐེར་འབུམ་༩.༩༤ འོང་མི་དེ་ འདས་པའི་ལོ་གི་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༩༥༦ ཨིནམ་ད་ སྤྱི་ལོ་༢༠༢༠ ལས་ཚུར་ སྤྱིར་སྙོམས་ཀྱི་ ལོ་བསྟར་ཏི་རུ་ལྷོད་མི་དེ་ དངུལ་ཀྲམ་ཐེར་འབུམ་༨ ལས་བརྒལ་མེདཔ་ཨིན་པས།
སྤྱི་ལོ་༢༠༢༠ ལུ་ ཀོ་བིཌ་-༡༩ ཐོན་པའི་ནམ་དུས་ལུ་ ཕྱི་རྒྱལ་ལས་ ཏི་རུ་ལྷོད་མི་དེ་ དངུལ་ཀྲམ་ཐེར་འབུམ་༨.༢༧ ལུ་ ཡར་འཕར་སོང་ཡོདཔ་ལས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལས་ བརྒྱ་ཆ་༤.༥ གི་ རྩིས་ཨིནམ་བཞིན་དུ་ འདས་པའི་ལོ་དང་ཕྱདཔ་ད་ དངུལ་ཀྲམ་ཐེར་འབུམ་༣.༠༣ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
ཨིན་རུང་ ལོ་དེ་ལས་ཚུར་ ཕྱི་རྒྱ་ལས་ ཏི་རུ་འོང་ནི་དེ་ མར་འབབ་འགྱོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཏི་རུ་མང་ཤོས་ར་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་ཨིནམ་བཞིན་དུ་ ལོ་བསྟར་ཏི་རུ་བཏང་མི་ཚུ་གི་གྲས་ལས་ བརྒྱ་ཆ་༥༠ ཨཱསི་ཊེ་ལི་ཡ་ལུ་ སྡོད་མི་ཚུ་ཨིན་པས།
དེ་གི་འོག་ལས་ ཡུ་ཨེསི་ལུ་སྡོད་མི་ འབྲུག་མི་ཚུ་ལས་ཨིནམ་བཞིན་དུ་ བརྒྱ་ཆ་༢༠ ཨིནམ་ད་ ཀུ་ཝེཊ་ལུ་ བརྒྱ་ཆ་༡༠ དེ་ལས་ རྒྱལ་ཁབ་གཞན་ཚུ་ནང་ སྡོད་མི་ཚུ་ལས་ བརྒྱ་ཆ་༢༠ ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༩ པའི་ནང་འཁོད་ལུ་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ དངུལ་ཀྲམ་ཐེར་འབུམ་༦.༣༩ གཏོང་ལེན་འབད་མི་དེ་ སྤྱི་ལོ་༢༠༢༢ ཀྱི་ཡོངས་བསྡོམས་ལས་ བརྒྱ་ཆ་༦༤.༦ (དངུལ་ཀྲམ་ཐེར་འབུམ་༥.༩༥)མངམ་སྦེ་ འོང་ཡོདཔ་ཨིན་པས།
ཀུ་ཝེཊ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ རྒྱལ་ཁབ་ནང་ ཏི་རུ་བཏང་མི་དེ་ སྤྱིར་སྙོམས་ལུ་ ལོ་བསྟར་དངུལ་ཀྲམ་ས་ཡ་༧༨༠.༧ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
ཀ་ཊར་དང་ ཡུ་ཨེ་ཨི་ལས་ཡང་ རྒྱལ་ཁབ་ནང་ ཏི་རུ་བཏང་མི་དེ་ རྒྱ་ཆེ་དྲགས་སྦེ་ར་ ཡར་འཕར་སོང་སྟེ་ ཡོདཔ་ཨིན་པས།
ཏི་རུ་བཏང་མིའི་ གནས་སྟངས་བསྒྱུར་བཅོས།
འཕྲལ་གྱི་ལོ་ཚུ་ལས་ ཏི་རུ་ཚུ་ཡང་ རང་སོའི་བཟའ་ཚང་ལུ་ རྒྱབ་སྐྱོར་འབད་ནི་གིས་ཨིནམ་མ་ཚད་ སྐྱིན་ཚབ་བཏབ་ནི་དང་ མ་རྩ་གཞི་བཙུགས་འབད་ནི་ ཤེས་ཡོན་ དེ་ལས་ གསོ་བའི་ཟད་འགྲོ་ཚུ་གི་དོན་ལས་ གཏོང་ལེན་འབད་དོ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཏི་རུ་ཚུ་ཡང་ དོན་སྨིན་ཅན་གྱི་དོན་ལུ་ ལག་ལེན་འཐབ་མི་དེ་ ཡར་སེང་ཡོདཔ་སྦེ་ མངོན་གསལ་བྱུངམ་ཨིན་པས།
རང་སོའི་བཟའ་ཚང་ཚུ་ལུ་ དགོས་མཁོ་འགྲུབ་ནིའི་དོན་ལུ་ ཏི་རུ་བཏང་མི་དེ་ བརྒྱ་ཆ་༩༦.༥ ལས་༣༦.༢ ལུ་ མར་བབས་སོང་སྟེ་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་ རང་སོའི་རྩིས་ཁྲ་བདག་དབང་བརྗེ་སོར་དེ་ བརྒྱ་ཆ་༡.༡ ལས་༤༠.༢ ལུ་ ཡར་སེང་སོང་ཡོད་པའི་ཁར་ ཁྱིམ་དང་བཟོ་སྐྲུན་གྱི་དོན་ལུ་ ཏི་རུ་བཏང་མི་དེ་ཡང་ བརྒྱ་ཆ་༡༠ ཡར་སེང་སོང་ཡོདཔ་ཨིན་པས།
ཤེས་ཡོན་གྱི་དོན་ལུ་ ན་ཧིང་ སྤྱི་ཟླ་༡ པ་ལས་༣ བར་ན་ དངུལ་ཀྲམ་ས་ཡ་༢༠༠ དེ་ཅིག་ ལྷོད་ཡོདཔ་ཨིན་པས།
འདས་པའི་ལོ་༤ འི་ནང་འཁོད་ལུ་ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ ཁྱིམ་རྐྱབ་ནི་དང་ སྡོད་ཁྱིམ་ཉམས་བཅོས་ སོ་ནམ་འཕྲུལ་ཆས་ཉོ་ནི་ དེ་ལས་ ས་དང་ སྣུམ་འཁོར་ཉོ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༦༥.༥ གཏོང་ལེན་འབད་ཡོདཔ་ཨིན་པས།
བཟའ་ཚང་གི་འཐུས་མི་དང་ ཆ་རོགས་ དེ་ལས་ ཆོས་ཕྱོགས་དང་ མི་སྡེའི་ཞལ་འདེབས་སྦེ་ ལོ་བསྟར་དངུལ་ཀྲམ་ས་ཡ་༢༠༠ ལས་༣༠༠ བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དངུལ་ཀྲམ་ས་ཡ་༣༦.༦ དེ་ སྐྱེལ་སྤྲོད་དང་ སྤྱོད་འཐུས་བཏབ་ནིའི་དོན་ལུ་ བཏང་ཡོདཔ་ད་ འགྲོ་འགྲུལ་དང་ བཟའ་ཚང་འཐུས་མི་ཚུ་ ངལ་གསོའི་ཟད་འགྲོ་སྦེ་ དངུལ་ཀྲམ་ས་ཡ་༢༠༠ བཏང་ཡོདཔ་ཨིན་པས།
ཏི་རུ་ཕྱི་ཁར་གཏོང་ལེན།
ཁྱིམ་བཟོ་སྐྲུན་དང་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལས་མི་མང་ཤོས་ར་ རྒྱ་གར་གྱི་ མི་ཚུ་ཡོདཔ་ལས་ འབྲུག་པའི་ཏི་རུ་ མང་ཤོས་ར་ རྒྱ་གར་ལུ་ འགྱོ་དོ་ཡོདཔ་ཨིན་པས།
རྩིས་ལོ་༢༠༢༣-༢༤ ལུ་ འབྲུག་གིས་ ཕྱིའི་ལས་མི་༡༥༡,༡༦༣ ནང་འདྲེན་འཐབ་མི་ལས་ བརྒྱ་ཆ་༩༠ རྒྱ་གར་གྱི་ ལས་མི་ཡོདཔ་ད་ བཟོ་སྐྲུན་ལས་སྡེ་ནང་ བརྒྱ་ཆ་༨༥ དང་ བཟོ་གྲྭ་ནང་ བརྒྱ་ཆ་༡༠ དེ་ལས་ ཞབས་ཏོག་ལས་སྡེ་ནང་ བརྒྱ་ཆ་༥ ཡོདཔ་ཨིན་པས།
གནས་སྡུད་དང་འཁྲིལ་བ་ཅིན་ ན་ཧིང་ སྤྱི་ཟླ་༩ པའི་ནང་འཁོད་ལུ་ ཕྱི་ཁར་དངུལ་ཀྲམ་ཐེར་འབུམ་༢.༩ བཏང་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ གཉིས་ལྟབ་སྦེ་ མར་བབས་སོང་ཡོདཔ་བཞིན་དུ་ ལོ་ད་ནང་ དངུལ་ཀྲམ་ཐེར་འབུམ་༦.༥ ཕྱི་ཁར་བཏང་ཡོདཔ་ཨིན་པས།
རྩིས་ལོ་༢༠༢༣-༢༤ ལུ་ ཤེས་ཡོན་དང་འབྲེལ་བའི་ ཟད་འགྲོའི་དོན་ལུ་ ཕྱི་དངུལ་ཕྱི་ཁར་བཏང་མི་དེ་ དངུལ་ཀྲམ་ཐེར་འབུམ་༢༣.༠༥ ཡོདཔ་ད་ དངུལ་ཀྲམ་ཐེར་འབུམ་༢༢.༦༣ དེ་ སྒེར་པ་ངོ་རྐྱང་གིས་ ལག་ལེན་འཐབ་ཡོདཔ་ཨིན་པས།
དངུལ་ཀྲམ་ས་ཡ་༦༨༨.༦ གསོ་བའི་ཟད་འགྲོ་གི་དོན་ལུ་ ལག་ལེན་འཐབ་ཡོདཔ་བཞིན་དུ་ བརྒྱ་ཆ་༧༥.༥ གཞུང་གིས་བཏང་ཡོདཔ་ད་ ལྷག་ལུས་དེ་ སྒེར་པ་ངོ་རྐྱང་ཚུ་གིས་ ལག་ལེན་འཐབ་ཡོདཔ་ཨིན་པས།
ཕྱི་རྒྱལ་ལུ་ འབྲུག་མི་ཚུ་ལུ་ ཏི་རུ་གཏང་ནི་སེམས་ཤུགས་ལས་རིམ།
སྤྱི་ལོ་༢༠༢༠ ལས་ འགོ་བཙུགས་ཏེ་ ཕྱི་རྒྱལ་ལས་ ཏི་རུ་བཏང་མི་ མར་བབས་སོང་ཡོདཔ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཧེ་མའི་གནས་སྟངས་ལུ་ ལྷོད་ནི་དང་ སེམས་ཤུགས་མཐུན་རྐྱེན་ དེ་ལས་ ཕྱི་རྒྱལ་ལུ་ སྡོད་མི་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནི་ལུ་དམིགས་ཏེ་ ལས་སྣ་མང་རབས་ཅིག་ འགོ་འབྱེད་འབད་དེ་ ཡོདཔ་ཨིན་པས།
དབང་འཛིན་གྱིས་ སྤྱི་ལོ་༢༠༢༡ ལུ་ སེམས་ཤུགས་མཐུན་རྐྱེན་ལམ་ལུགས་ བརྒྱ་ཆ་༡ བཟོ་མི་ལས་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༢ ལས་ སྤྱི་ལོ་༢༠༢༣ ཟླ་༦ པ་ལས་ བརྒྱ་ཆ་༡༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
ལམ་ལུགས་འགོ་བཙུགས་མི་ལས་ཚུར་ ཕྱི་རྒྱལ་ལས་ ཏི་རུ་བཏང་མི་དེ་ ཡར་འཕར་སོང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༣ ལུ་ བརྒྱ་ཆ་༦༠.༨ དང་ སྤྱི་ལོ་༢༠༢༣ ཟླ་༦ པ་ལས་༡༢ པའི་ནང་འཁོད་ལུ་ བརྒྱ་ཆ་༡༠ སེམས་ཤུགས་མཐུན་རྐྱེན་དེ་ ལོ་བསྟར་ཕྱི་རྒྱལ་ལས་ ཏི་རུ་ལྷོད་མི་ལས་ བརྒྱ་ཆ་༧༠ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༧.༤༢ ཨིན་པས།
ན་ཧིང་ སྤྱི་ཟླ་༡ པ་ལས་༣ པའི་ནང་འཁོད་ལུ་ ཕྱི་རྒྱལ་ལས་ ཏི་རུ་བཏང་མི་ དངུལ་ཀྲམ་ཐེར་འབུམ་༩.༩༢ ལུ་ ཡར་འཕར་སོང་མི་དེ་ཡང་ ཏི་རུ་བཏང་མི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་བའི་སྐབས་ ཏི་རུ་བཙུགས་པའི་ དངུལ་ཁང་དང་ དབང་འཛིན་གྱིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ཨིན་པས།
དེ་བཟུམ་སྦེ་ ན་ཧིང་ སྤྱི་ཟླ་༡ པའི་ནང་ དབང་འཛིན་གྱིས་ ཕྱི་རྒྱལ་ལས་ ཏི་རུ་གཏང་ནི་ལུ་ལྷན་ཐབས་ལུ་ ཕྱི་དངུལ་བརྗེ་སོར་བཅའ་ཡིག་དང་སྒྲིག་གཞི་དང་ རྒྱལ་ཁབ་ནང་ ཏི་རུ་བཏང་མི་བཅའ་ཡིག་དང་སྒྲིག་གཞི་ དུས་མཐུན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༡ པའི་ནང་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ འབྲུགཔ་ཕྱི་རྒྱལ་ལུ་སྡོད་མི་ཚུ་གི་ མ་རྩ་གཞི་བཙུགས་ཅིག་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ལུ་ མ་རྩ་གཞི་བཙུགས་འབད་ནི་ གོ་སྐབས་ཅིག་ བཟོ་བའི་ཁར་ རྒྱལ་ཁབ་ལུ་ ཏི་རུ་གཏང་ནིའི་ ལམ་ལུགས་ལུ་ཡང་ ལྷན་ཐབས་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ རི་མིཊ་བྷུ་ཊཱན་གྱི་ ཡོངས་འབྲེལ་འཆར་སྒོ་བསྐྱར་བཟོ་དང་ སྐྱེད་མཐོ་དྲགས་འབད་མི་ ཕྱི་དངུལ་གྱི་ རྩིས་ཁྲ་འགོ་བཙུགས་ནི་ དེ་ལས་ འབྲུག་གི་ རྒྱལ་འཛིན་བརྟན་བཞུགས་བརྗེ་སོར་གྱི་ ཨེམ་སི་ཀེམསི་ཨེཔ་བརྒྱུད་དེ་ མ་རྩའི་ཚོང་ལམ་ལ་སོགས་པ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ ནང་འཁོད་ལུ་ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་གིས་ ཕྱི་དངུལ་རྩིས་ཁྲ་༢,༤༩༨ ཕྱེས་ཡོདཔ་ཨིན་པས།
དམིགས་བསལ་དུ་ འབྲུག་མི་ན་གཞོན་༦༢,༠༠༠ དེ་ཅིག་ ཕྱིའི་རྒྱལ་ཁབ་༡༡༢ ནང་ སྡོད་དོ་ཡོདཔ་བཞིན་དུ་ མང་ཤོས་ར་ ཨཱསི་ཊེ་ལི་ཡ་ལུ་༣༥,༠༠༠ དང་ ཀུ་ཝེཊ་ལུ་༣,༥༠༠ དེ་ཅིག་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement