༉ སྤྱི་ལོ་༢༠༢༩ ནང་འཁོད་ལུ་ ཕྱིའི་མ་རྩ་གཞི་བཙུགས་དང་ དངུལ་ཀྲམ་ཐེར་འབུམ་༥༠༠ བཟོ་ནི་ལུ་ ལཱ་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༨ པའི་ཚེས་༡༦ ལུ་ གཞུང་གིས་ འབྲུག་ལུ་མ་རྩ་བཙུགས་ནིའི་ ཡོངས་འབྲེལ་ལམ་ལུགས་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ལམ་ལུགས་དེ་ སྐད་རིགས་༡༠༠ ལྷགཔ་ཅིག་གི་ཐོག་ལས་ འབྲེལ་བ་འཐབ་ཚུགས་ནི་ཨིནམ་ད་ དེ་ཡང་ གོ་སྐབས་ཀྱི་སྐོར་ལས་ བརྡ་དོན་ཡོངས་རྫོགས་ཀྱི་ ཉམས་མྱོང་ཐོབ་ནི་དང་ འབྲུག་གི་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྒྲིག་གཞི་ཚུ་གི་སྐོར་ལས་ཡང་ ཤེས་ཚུགས་ནི་ཨིན་པས།
ན་ཧིང་ཚུན་ཚོད་ འབྲུག་གི་ཕྱིའི་མ་རྩ་གཞི་བཙུགས་དེ་ དངུལ་ཀྲམ་ཐེར་འབུམ་༤༨.༦༡ ཡོདཔ་ད་ སྤྱི་ལོ་༢༠༢༣ ལུ་ བཟའ་ཁང་ཚུ་གིས་ བརྒྱ་ཆ་༣༤.༩ སྦེ་ སྐྱིན་འགྲུལ་ལེན་དོ་ཡོད་པའི་ཁར་ བརྡ་དོན་འཕྲུལ་རིག་ལས་སྡེ་ཚུ་གིས་ བརྒྱ་ཆ་༢༡.༧ སྦེ་ ལེན་དོ་ཡོདཔ་ཨིན་པས།
འགོ་འབྱེད་ལས་རིམ་སྐབས་ བཟོ་གྲྭ་ཚོང་འབྲེལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ འཆི་མེད་ཚེ་རིང་གིས་ སླབ་མིའི་ནང་ ཡོངས་འབྲེལ་ལམ་ལུགས་དེ་ ད་ལྟོའི་ མ་རྩ་བཙུགས་མི་གི་ གདོན་ལེན་ཚུ་ སེལ་ཐབས་འབད་བའི་སྐབས་ ཉམས་མྱོང་ལེགས་ཤོམ་ བྱིན་ཐབས་ལུ་ བཟོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་འབྲེལ་འཐབ་ནི་ལུ་ ལཱ་འཇམ་དྲགས་ལྷན་ཐབས་ཐོག་ རྒྱལ་ཁབ་ནང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ཚུ་ལུ་ སེམས་ཤུགས་བྱིན་ཐབས་ལུ་ ཨིན་ཟེར་ཨིན་པས།
བཟོ་གྲྭ་ཚོང་འབྲེལ་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ མ་རྩ་ཚད་ཅིག་ལས་བརྒལ་མེདཔ་ལས་ བཟོ་གྲྭ་གོང་འཕེལ་གཏང་ནི་ལུ་ མ་རྩ་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༢༩ ནང་འཁོད་ལུ་ ཕྱིའི་མ་རྩ་གཞི་བཙུགས་ དངུལ་ཀྲམ་ཐེར་འབུམ་༥༠༠ གྲུབ་ཐབས་ལུ་ སྲིད་བྱུས་དང་ འཆར་གཞི་ དེ་ལས་ ལས་འགུལ་ཚུ་ གཞི་བཙུགས་འབད་དེ་ གནས་སྟངས་ལེགས་ཤོམ་ བཟོ་འོང་ཟེར་ཨིནམ་བཞིན་དུ་ དམིགས་ཡུལ་དེ་ གྲུབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ ཁེབ་སང་དེ་ ཁྲལ་བཏབ་པའི་ཤུལ་ལུ་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༤.༩༩ ལས་ སྤྱི་ལོ་༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་༨.༤༢ འབདཝ་ད་ བརྒྱ་ཆ་༦༨.༥ དེ་ཅིག་ ཡར་འཕར་སོང་ནུག།
བཟོ་གྲྭ་ཚོང་འབྲེལ་ལས་ཁུངས་དེ་ མ་རྩ་གཞི་བཙུགས་ཡར་དྲག་གཏང་མི་ ལས་སྡེ་ཅིག་འབདཝ་ལས་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ཚུ་གི་དོན་ལུ་ འབྲུག་འདི་ མ་རྩ་གཞི་བཙུགས་འབད་མི་ ས་གོ་ཅིག་སྦེ་ བཟོ་དགོ་པའི་ཁར་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ བརྡ་དོན་གཙོ་ཅན་ མ་རྩ་གཞི་བཙུགས་འབད་ནིའི་ ཚོང་འབྲེལ་གྱི་ གོ་སྐབས་ཚུ་ དགོས་མཁོ་ཡོདཔ་ཨིན་པས།
ལས་ཁུངས་དང་ འཁྲིལ་བ་ཅིན་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་སྲིད་བྱུས་༢༠༡༩ ནང་ གཙོ་རིམ་ཅན་གྱི་ ཐོ་བཀོད་ཚུ་ ངོས་འཛིན་འབད་དེ་ཡོདཔ་ཨིན་རུང་ མ་རྩ་བཙུགས་མི་ཚུ་གི་ གྲོས་ཐག་གཅད་ནི་གི་ ལས་སྡེ་དང་འབྲེལ་བའི་ ཚོང་འབྲེལ་གྱི་བརྡ་དོན་ཚུ་ མེདཔ་ཨིན་པས།
མ་རྩ་གཞི་བཙུགས་འབད་མི་ཚུ་ དོ་འགྲན་ཅན་གྱི་ ཕྱིའི་མ་རྩ་ཐད་ཀར་གཞི་བཙུགས་སྲིད་བྱུས་ཀྱི་ བརྡ་དོན་ཚུ་ མ་ཐོབ་པའི་དཀའ་ངལ་དང་ བྱ་རིམ་དང་སེམས་ཤུགས་ ནང་འཁོད་མཉམ་འབྲེལ་བ་གིས་ ཕྱིའི་མཉམ་འབྲེལ་བ་ཚུ་དང་ འབྲེལ་བ་འཐབ་མ་ཚུགས་པའི་ གདོང་ལེན་ཚུ་ཡང་ བྱུང་དོ་ཡོདཔ་ཨིན་པས།
ལམ་ལུགས་དེ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ རྒྱབ་སྐྱོར་ཐོག་ལས་ ལས་སྡེ་ཁག་ སོ་ནམ་དང་ བརྡ་དོན་འཕྲུལ་ བརྡ་དོན་ཞབས་ཏོག་ བཟོ་སྐྲུན་ སྒོ་ནོར་ ཤིང་དང་ཤིང་ཆས་ དེ་ལས་ མཉམ་འབྲེལ་ཚོང་ལཱ་ བརྒྱ་ཆ་༧༥ ཤེས་རིག་དང་རིག་རྩལ་ཚུ་ལུ་ མ་རྩ་གཞི་བཙུགས་འབད་ནི་ལུ་ གོ་སྐབས་བཟོཝ་ཨིན་པས།
ཤིང་གི་ཐོན་སྐྱེད་ནང་ ངོས་འཛིན་འབད་བའི་ས་གོ་ སྤ་རོ་དང་ གསར་སྤང་ དེ་ལས་ ཐིམ་ཕུག་ཚུ་ལུ་ མ་རྩ་གཞི་བཙུགས་ དངུལ་ཀྲམ་ས་་ཡ་༣༠༠ འབད་ཆོག་ནི་ཨིན་པས།
བཟོ་སྐྲུན་རྒྱུ་ཆས་འཕྲུལ་ཁང་ཚུ་ནང་ མ་རྩ་གཞི་བཙུགས་ དངུལ་ཀྲམ་ས་ཡ་༥༠ རྐྱངམ་གཅིག་ འབད་ཆོག་ནི་ཨིནམ་ད་ དེ་ཡང་ ངོས་འཛིན་འབད་བའི་ས་གོ་ སྤ་རོ་དང་ ཐིམ་ཕུག་ དེ་ལས་ གསར་སྤང་ཚུ་ལུ་ཨིན་པས།
མཉེན་ཆས་ལས་སྡེ་ གཞི་བཙུགས་འབད་ནི་ལུ་ ཕྱིའི་མ་རྩ་གཞི་བཙུགས་ དངུལ་ཀྲམ་ས་ཡ་༥༠ ལས་བརྒལ་ བཙུགས་མི་ཆོག་ནི་ཨིམན་ད་ སེམས་ཤུགས་མཐུན་རྐྱེན་ནང་ ནང་འཁོད་མཐོ་རིམ་སློབ་གྲྭ་ལས་ རིག་རྩལ་ལྡན་པའི་ལས་བྱེདཔ་དང་ ཁྲལ་ཡངས་ཆག་ དེ་ལས་ བརྡ་དོན་འཕྲུལ་རིག་གླིང་ག་ནང་ གྲོགས་རམ་ཡོད་པའི་ ཡིག་ཚང་ཅིག་ དགོཔ་ཨིན་པས།
དེང་སང་གི་ ལྷབ་སྦྱང་དང་ སྦྱོང་བརྡར་ལྟེ་བ་ གཞི་བཙུགས་འབད་ནི་ལུ་ མ་རྩ་གཞི་བཙུགས་ཀྱི་ ཚད་གཞི་དེ་ དངུལ་ཀྲམ་ས་ཡ་༡༠༠ དང་གཅིག་ཁར་ ངོས་འཛིན་འབད་བའི་ ས་ཁོངས་ཚུ་ཡང་ སྤ་རོ་དང་ ཐིམ་ཕུག་ དེ་ལས་ སྤུ་ན་ཁ་ཚུ་ནང་མ་གཏོགས་ མི་ཆོག་ནི་ཨིན་པས།
ལས་རིམ་དེ་ནང་ སེམས་ཤུགས་མཐུན་རྐྱེན་ ཕབ་ཆག་ཡོད་པའི་ ཌི་ཇི་ཊཱལ་གཞི་རྟེན་དང་ གཞུང་གི་ཤེས་ཡོན་ལས་རིམ་ཐོབ་ཚུགསཔ་ དེ་ལས་ ཁྲལ་ཡངས་ཆག་ཚུ་ ཚུད་དེ་ཡོདཔ་ཨིན་པས།
སོ་ནམ་ལས་སྡེ་འོག་ལུ་ མ་རྩ་གཞི་བཙུགས་ དངུལ་ཀྲམ་ས་ཡ་༥༠ ཐོག་ལས་ ལུད་ཐོན་སྐྱེད་ཁང་ གཞི་བཙུགས་འབད་ནི་གི་ གོ་སྐབས་ཡོདཔ་ད་ དེ་ཡང་ ངོས་འཛིན་འབད་བའི་ས་ཁོངས་ སྤ་རོ་དང་ ཐིམ་ཕུག་ དེ་ལས་ གསར་སྤང་ཚུ་ནང་རྐྱངམ་གཅིག་ཨིན་པས།
དེ་མ་ཚད་ ཧཱ་དང་ སྤ་རོ་ དེ་ལས་ སྤུ་ན་ཁ་ལུ་ མ་རྩ་གཞི་བཙུགས་ དངུལ་ཀྲམ་ས་ཡ་༤༠ བཙུགས་ཏེ་ རེན་བཱོ་ཉ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ནི་ལུ་ཡང་ གོ་སྐབས་ཡོདཔ་ད་ ལས་རིམ་དེ་གི་འོག་ལུ་ སེམས་ཤུགས་མཐུན་རྐྱེན་ཚུ་ཡང་ ཉ་གི་ལྟོ་དང་ཉའི་སོན་ ཚོང་ལམ་གྱི་གོ་སྐབས་ ཁྲལ་ཡངས་ཆག་གི་ རྒྱབ་སྐྱོར་ཚུ་ འཐོབ་ཚུགས་ནི་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།