༉ འདས་པའི་ཟླཝ་༨ ཀྱི་ནང་འཁོད་ལུ་ བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱིས་ ཡོངས་འབྲེལ་ཐོག་ལས་ རྒྱལ་འགྲན་རྩེད་མི་ སྡེ་ཚན་༦༥ མངོན་གསལ་བྱུང་ཡོདཔ་བཞིན་དུ་ དེ་ནང་ མི་ངོམ་༡༧,༠༠༠ གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ ཡོངས་འབྲེལ་ཐོག་ལས་ རྒྱལ་འགྲན་རྩེདམོ་གི་ གནད་དོན་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ མཉམ་འབྲེལ་ཐོག་ལས་ སེལ་ཐབས་འབད་ནི་ཨིནམ་བཞིན་དུ་ ཁྲིམས་འགལ་ཐོག་ལས་ འབྲེལ་བ་འཐབ་མི་ རྩིས་ཁྲ་ཚུ་ཡང་ བཀག་ཆ་འབད་ནི་ཨིན་པས།
རྒྱལ་འགྲན་རྩེད་མི་ སྡེ་ཚན་ཚུ་ཡང་ མི་སྡེ་བརྡ་བརྒྱུད་ ཊེ་ལི་གཱ་རམ་ནང་ཡོདཔ་ད་ སྡེ་ཚན་མང་ཤོས་ཅིག་ནང་ མི་ངོམ་༢༠༠ དང་༥༠༠ འི་བར་ན་ཡོདཔ་མ་ཚད་ སྡེ་ཚན་ལ་ལོ་ཅིག་ནང་ མི་ངོམ་༡,༢༠༠ དེ་རེ་ཡང་ ཡོདཔ་ཨིན་པས།
ལས་ཁུངས་དང་འཁྲིལ་བ་ཅིན་ སྡེ་ཚན་དེ་ དེ་བ་ལྷགཔ་སྦེ་ འོང་ནི་གི་ ཕོག་ཚོད་དཔག་སྟེ་ཡོདཔ་ད་ ཨིན་རུང་ སྡེ་ཚན་དེ་ནང་ཡོད་མི་ འཐུས་མི་ག་ར་གིས་ རྒྱལ་འགྲན་མི་རྩེད་དོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ གནས་སྡུད་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་ ལྟ་རྟོག་ལམ་ལུགས་དང་ གནས་ཚུལ་བཤད་མི་ཚུ་གིས་ སྙན་ཞུ་འབད་མི་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ བརྡ་དོན་བརྗེ་སོར་འབད་མི་ཚུ་ལས་ ཐོབ་ཡོདཔ་ཨིན་པས།
ཡོངས་གྲགས་ཅན་དང་ རྒྱལ་སྤུངས་སྡེ་ཚན་ཚུ་ཡང་ ལོ་ཊུསི་དང་ དཔལ་སྒྲོནསི་སྡེ་ཚན་ དབྱངས་ཅན་མ་ལ་སོགས་པ་ཚུ་ཨིནམ་ད་ ལས་ཁུངས་དང་འཁྲིལ་བ་ཅིན་ ཌའེསི་དང་ ཊིར་ཚུ་ ཡོངས་འབྲེལ་ནང་ ཡོངས་གྲགས་ཐལ་སོ་ནུག་ཟེར་ཨིན་པས།
རྒྱལ་འགྲན་རྩེད་ཐངས་ཚུ་ཡང་ རྒྱལ་འགྲན་སྡེ་ཚན་དང་ ཡང་ཅིན་ སྡེ་ཚན་བདག་སྐྱོང་འཐབ་མི་གིས་ ངོ་རྐྱང་ཚུ་གི་ རྩིས་ཁྲ་ཐོག་ལས་ རྒྱལ་སྤུངས་དང་ འཐུས་ཚུ་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ རྒྱལ་འགྲན་རྩེད་ནིའི་དོན་ལས་ འཐུས་མི་ཚུ་གིས་ རྒྱལ་སྤུངས་དང་ ཡང་ཅིན་ འཐུས་ཚུ་ སྡེ་ཚན་གྱི་མཉམ་འབྲེལ་པའི་ རྩིས་ཁྲ་ནང་ བརྗེ་སོར་འབད་དོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་གཙོ་འཛིན་ ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཡོངས་འབྲེལ་ནང་ རྒྱལ་སྤུངས་ནང་ འབྲེལ་གཏོགས་འབད་མི་ རྩིས་ཁྲ་ཚུ་ བཀག་ཆ་འབད་ནིའི་དོན་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ མཉམ་འབྲེལ་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་འགྲན་འགོ་འདྲེན་འཐབ་མི་དང་ རྩེད་མི་༢ ཆ་ར་ ཁྲིམས་ལུགས་དང་ལྟར་དུ་ དང་ལེན་འབད་ནི་ཨིནམ་ད་ རྒྱལ་ཁབ་ནང་ ཡོངས་འབྲེལ་ཐོག་ རྒྱལ་འགྲན་རྩེདམོ་དེ་ ཁྱབ་སྤེལ་སོང་ནུག་ཟེར་ཨིན་པས།
ཡོངས་འབྲེལ་ཐོག་གི་ རྩེད་རིགས་དེ་ ངོ་རྐྱང་དང་ ཡང་ཅིན་ ལས་སྡེ་ཚུ་གིས་ ངོས་ལེན་ཚོང་འབྲེལ་འཐབ་པའི་སྐབས་ ཤེས་ཅི་མཐོང་ཅི་ར་ བརྗེ་སོར་འབད་མི་ཚུ་ལུ་བརྟེན་ བྱུང་དོ་ཡོདཔ་ཨིན་པས།
ཡོངས་འབྲེལ་ཚོང་འབྲེལ་དེ་ རྩེད་རིགས་རྒྱལ༌འགྲན་བྱིན་མི་ ཡོངས་འབྲེལ་པོ་ཀར་ཚུ་ཡང་ ཚུད་དོ་ཡོདཔ་ཨིན་པས།
ལས་ཁུངས་དང་འཁྲིལ་བ་ཅིན་ རྒྱལ་འགྲན་རྩེདམོ་དེ་ ཁ་རྗེ་གཞི་བཞག་དང་ ངོ་རྐྱང་བརྩོན་ཤུགས ལྕོགས་གྲུབ་ཚུ་ དགོཔ་མེདཔ་ད་ གལ་སྲིད་ མདའ་རྐྱབ་པ་ཅིན་ རང་སོའི་ ལྕོགས་གྲུབ་བཏོན་དགོཔ་ལས་ དེ་ལུ་ རིག་རྩལ་ལྡན་པའི་ རྩེདམོ་ཅིག་སྦེ་ ངོས་ལེན་འབད་དོ་ ཡོདཔ་ཨིན་པས།
རྒྱལ་འགྲན་ནང་འབད་བ་ཅིན་ རྒྱལ་སྤུངས་དང་ ཡང་ཅིན་ རྒྱལ་བཞག་དགོཔ་ལས་ ཕམ་ནི་དང་ རྒྱལ་ནི་ལུ་ ཚད་འཛིན་མེད་ཟེར་ ཀརྨ་རྡོ་རྗ་གིས་ བཤདཔ་ཨིན་པས།
ལས་ཁུངས་ཀྱིས་ རྒྱལ་འགྲན་རྩེདམོ་དེ་ རིག་རྩལ་མེན་པར་ ཁ་རྗེ་ལུ་ བརྟེན་སྡོད་དགོཔ་ལས་ དངུལ་འབྲེལ་དང་ བཟའ་ཚང་ནང་ སྟབས་མ་བདེཝ་ འབྱུང་ནི་ཉེན་ཁ་སྦོམ་ཡོད་ཟེར་ དོགས་སེལ་འབདཝ་ཨིན་པས།
ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གིས་ ཡོངས་འབྲེལ་ཐོག་ལས་ རྒྱལ་འགྲན་གྱི་ རྩེདམོ་ཚུ་ལུ་ ཚ་གྱང་ལང་མི་ལུ་ མི་མང་གིས་ གོ་བ་ཕྱི་འགྱུར་ལེན་ནི་མི་འོང་ཟེར་ཨིནམ་ད་ མི་གཞན་གྱི་མ་དངུལ་དང་ བཟའ་ཚང་ལུ་ སྟབས་མ་བདེ་བྱུང་བའི་ གནད་དོན་ལུ་བརྟེན་ རྩིས་ཁྲ་འཆང་མི་ཚུ་གིས་ ཏི་རུ་བཟོཝ་མས་ཟེར་ཨིན་པས།
འབྲུག་གི་ རྒྱན་ཤོག་ཚད་འཛིན་གྱི་ རྒྱན་ཤོག་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་ རྩེད་དོ་ཡོད་རུང་ ལས་ཁུངས་ཀྱིས་ ངོས་ལེན་འབད་དེ་ཡོདཔ་ད་ དེ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་༢༠༠༤ ཅན་མའི་དོན་ཚན་༣༩༤ ཅན་མ་དང་འཁྲིལ་ཏེ་ རྒྱལ་ཁམས་ཀྱི་ ངོས་ལེན་འབད་མི་ལུ་བརྟེན་ཨིན་པས།
ལས་ཁུངས་དང་འཁྲིལ་བ་ཅིན་ གཞུང་གིས་ འབྲུག་གི་རྒྱན་ཤོག་ལུ་བརྟེན་ མི་སྡེ་མེདཔ་གཏང་ནི་མེདཔ་ཅིག་ འབད་དགོཔ་བཞིན་དུ་ མི་ཚུ་ལུ་ དེ་ཅིག་ར་ གནོད་པ་འབྱུང་ནི་མེད་པའི་ ལམ་ལུགས་ཅིག་ཡང་ བཟོ་ནི་ལུ་ ངེས་བརྟན་འབད་དགོ་ཟེར་ཨིན་པས།
འབྲུག་གི་རྒྱན་ཤོག་དེ་ལུ་ དྭངས་གསལ་ཡོདཔ་ད་ ལས་ཁུངས་ཀྱིས་ བཀོད་མིའི་ནང་ རྩེད་རིགས་ཚོང་འབྲེལ་དེ་ གཞུང་དབང་ལས་འཛིན་རྐྱངམ་གཅིག་གིས་ འབད་ཆོགཔ་སྦེ་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་༢༠༠༤ ཅན་མའི་དོན་ཚན་༣༩༣ དང་འཁྲིལ་བ་ཅིན་ གལ་སྲིད་ རྩོད་ཟླ་ཅིག་གིས་ རྒྱལ་ཕམ་གྱི་མཐའ་འབྲས་དང་འཁྲིལ་ཏེ་ གན་ཡིག་གམ་ མོས་མཐུན་ཐོག་ལུ་ རིན་ཐང་ཅན་ གང་ཞིང་ལེན་ནིའི་དོན་ལུ་ སྟེས་དབང་ཡོད་པའི་ རྩེ་སྡུར་ཅིག་གི་ མཐའ་འབྲས་སམ་ རྩོད་ཟླ་དེའི་སྒྲིག་འཛིན་དང་ ཤར་ཞུགས་ལུ་ མ་བརྟེན་པའི་ མ་འོངས་ངེས་མེད་ཀྱི་ བྱ་བ་ཅིག་ནང་ རིན་ཐང་ཅན་ གང་ཞིག་ཨིན་རུང་ རྒྱན་འཇོག་ཐམ་ རྒྱན་སྐུགས་ཀྱི་ གྲངས་སུ་བཞག་པ་ཅིན་ རྩོད་ཟླ་དེ་ རྒྱན་འགྲན་གནོད་འགེལ་གྱི་ ཉེན་སྐྱོན་ཡིན་པ་བརྩི་དགོ་ཟེར་ཨིན་པས།
རྒྱན་འགྲན་གྱི་ཉེས་རིམ་དེ་ ཉེས་པ་ཡང་ཕྲ་སྨིན་དགོ་ནི་ཨིན་པས།
ཁྲིམས་སྲུང་འགག་པའི་ལྟེ་བ་ ལ་ལོ་ཅིག་ནང་ རྒྱལ་འགྲན་རྩེདམོ་དང་འབྲེལ་བའི་ གནད་དོན་ཚུ་ལུ་ སྙན་ཞུ་འབད་དེ་ ཡོདཔ་ཨིན་པས།
མི་མང་ལ་ལོ་ཅིག་གིས་ རང་ལུགས་ཀྱི་ལས་རིམ་ ཚེས་བཅུ་ལས་རིམ་ཚུ་ནང་ རྒྱལ་མགྲན་རྩེད་རིགས་ཚུ་ གཞི་བཙུགས་འབད་མི་ལུ་ཡང་ ཚ་གྱང་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ སྤྱི་ཟླ་༨ པའི་ཚེས་༢༨ ལུ་ མི་ཚུ་ལུ་ ཡོངས་འབྲེལ་ཐོག་ལས་ རྒྱན་འགྲན་རྩེད་རིགས་ཚུ་དང་ འབྲེལ་འཐབ་འབད་ནི་ལས་ འཛེམ་དགོཔ་སྦེ་ གཞུང་འབྲེལ་གསལ་བསྒྲགས་ཅིག་ཡང་ འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།