༉ འབྲུག་གི་ སོལ་མོའི་འཕྲུལ་ཁང་འགོ་དང་པ་དེ་ བཀྲིས་གཡང་རྩེ་ ས་གནས་གླི་ཅན་ཟེར་ས་ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་གིས་ སྤྱི་ཟླ་༡༡ པའི་ནང་ལས་ ལག་ལེན་འཐབ་ནི་འགོ་བཙུགས་ནི་ཨིནམ་ལས་ ཟླ་རིམ་བཞིན་དུ་ སོལ་མོ་མེ་ཊིག་ཊཱོན་༦༠ དེ་རེ་ བཟོ་ཚུགས་ནི་ཨིན་པས།
འཕྲུལ་ཁང་དེ་ནང་ འཕྲུལ་ཨམ་གཉིས་སྦེ་ བཙུགས་བསྒྲིགས་འབད་དེ་ཡོདཔ་ད་ ད་རུང་ འཕྲུལ་ཨམ་༡༦ དེ་ཅིག་ བཙུགས་བསྒྲིག་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
སོལ་མོ་དེ་ རྒྱལ་ཁབ་ནང་ཡོད་པའི་ ཕེ་རོ་སི་ལི་ཀོན་གྱི་དོན་ལུ་ ལག་ལེན་འཐབ་ནི་ལུ་ ཁེ་ཕན་སྦོམ་ར་ཡོདཔ་ད་ སོལ་མོ་ཚུ་ རྩི་ས་བཟོ་བའི་སྐབས་ལུ་ཡང་ ལག་ལེན་འཐབ་དགོ་དོ་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་ འབད་བ་ཅིན་ འབྲུག་རྒྱལ་ཁབ་ཀྱིས་ སོལ་མོའི་དོན་ལུ་ རྒྱ་ཆེཝ་སྦེ་ར་ ནང་འདྲེན་ལུ་བརྟེན་སྡོད་ཡོདཔ་ད་ ན་ཧིང་གི་ལོ་ནང་ སོལ་མོ་ནང་འདྲེན་ མེ་ཊིག་ཊཱོན་༣༤,༣༠༡ འབད་མི་གིས་ དངུལ་ཀྲམ་ས་ཡ་༥༧.༦༨ གནས་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་འབད་བ་ཅིན་ སོལ་མོ་མེ་ཊིག་ཊཱོན་༡༣༤,༧༦༢ ནང་འདྲེན་འབད་མི་གིས་ དངུལ་ཀྲམ་ཐེར་འབུམ་༢.༧༨ གནས་ཡོདཔ་ཨིན་པས།
ཀེ་སི་སོལ་མོ་དང་ ཤིང་ཕྱེ་དུམ་རིལ་བི་རི་ཀེཊ་གི་ བཀོད་ཁྱབ་གཙོ་འཛིན་ ཀུན་བཟང་ཆོས་སྒྲོན་དང་ མོ་གི་ རྨགཔ་གིས་ སྤྱི་ལོ་༢༠༢༢ ལུ་ ལས་འགུལ་དེ་ འགོ་བཙུགས་ཡོདཔ་ཨིན་པས།
ད་རེས་འཕྲལ་ཁམས་ཅིག་ཁར་ འཕྲུལ་ཁང་དེ་གིས་ ཚོང་འབྲེལ་ཚུ་ ལེགས་ཤོམ་འགྱོ་བའི་ རྟགས་མཚན་བཏོན་དོ་ཡོདཔ་ད་ སོལ་མོའི་སྤུས་ཚད་ཚུ་ཡང་ བརྟག་ཞིབ་འབད་ཡོདཔ་ཨིན་པས།
ཕེ་རོ་སི་ལི་ཀོན་ནང་ སོལ་མོ་ལག་ལེན་འཐབ་ནིའི་དོན་ལུ་ སོལ་མོའི་ཐོན་སྐྱེད་ཀྱི་ སྤུས་ཚད་བརྒྱ་ཆ་༦༥ དགོཔ་སྦེ་ ཡོདཔ་ཨིན་པས།
ཀུན་བཟང་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ཁོང་གིས་ འཕྲུལ་ཁང་དེ་གཞི་བཙུགས་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ སོལ་མོ་ནང་འདྲེན་མར་ཕབ་འབད་ཐོག་ལས་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གསོག་འཇོག་ལུ་ ལྷན་ཐབས་འབད་ནིའི་ དོན་ལུ་ཨིན་ཟེར་ཨིན་པས།
མོ་གིས་བཤད་མིའི་ནང་ སོལ་མོ་བཟོ་ནིའི་དོན་ལུ་ རྒྱུ་ཆས་ཚུ་གྲ་སྒྲིག་སྦེ་ཡོདཔ་ད་ ཤིང་གི་གཞལ་ལག་ཚུ་ཡང་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ སྤྱིར་བཏང་ ཤིང་རིགས་འདི་བཟུམ་དགོ་ཟེར་བའི་ཚད་གཞི་ མེད་དེ་འབད་རུང་ ཤིང་ལོ་ཚད་མང་སུ་འགྱོ་མི་ཚུ་ གདམ་ཁ་རྐྱབ་དོ་ཡོདཔ་ཨིན་པས།
ད་ལྟོ་འགོ་བཙུགས་པའི་སྐབས་ལུ་ འཕྲུལ་ཨམ་གཉིས་མ་གཏོགས་མེད་རུང་ དེ་ཁར་ འཕྲུལ་ཨམ་༡༦ བཙུགས་སྒྲིག་འབད་བཏུབ་ཟེར་ཨིནམ་ད་ འཕྲུལ་ཨམ་ཚུ་ག་ར་ཚངམ་སྦེ་ བཙུགས་སྒྲིག་འབད་ཚུགས་པ་ཅིན་ འཕྲུལ་ཁང་ནང་ལས་ ཉིན་བསྟར་བཞིན་དུ་ སོལ་མོ་མེ་ཊིག་ཊཱོན་༡༦ རེ་བཏོནམ་ད་ ཟླཝ་གཅིག་ནང་ སོལ་མོ་མེ་ཊིག་ཊཱོན་༤༨༠ དེ་རེ་ བཏོན་ཚུགས་ཟེར་ཨིན་པས།
ད་ལྟོ་ འཕྲུལ་ཁང་ནང་ ལཱ་འབད་མི་ལས་བྱེདཔ་༨ མ་གཏོགས་མེད་རུང་ ཤུལ་ལས་ ལཱ་འབད་མི་ལས་བྱེདཔ་༦༠ ལུ་ ཡར་སེང་འབད་དགོ་ཟེར་ཨིན་པས།
འཕྲུལ་ཨམ་གཞན་མི་༡༢ བཙུགས་སྒྲིག་འབད་ནིའི་དོན་ལུ་ ཀུན་བཟང་ཆོས་སྒྲོན་གྱིས་ འབད་བ་ཅིན་ ད་ལྟོ་ བསྐྱིན་འགྲུལ་གྱི་དོན་ལུ་ གྲོས་གཞི་ཚུ་བཙུགས་ཏེ་ ཡོད་ཟེར་ཨིནམ་ད་ འཕྲུལ་ཆས་ཚུ་ཉོཝ་ད་ མ་རྩ་དངུལ་ཀྲམ་ས་ཡ་༢༥༠ དགོཔ་འདུག་ཟེར་ མོ་གིས་བཤདཔ་ཨིན་པས།
སོལ་མོ་དང་བསྟུན་པའི་ ཐོན་སྐྱེད་གཞན་ ཊར་དང་ ཝེ་ནི་གར་ཚུ་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ ད་ལྟོ་འདི་ཚུ་ ཚོང་འབྲེལ་འཐབ་ནི་མེདཔ་ལས་ བཟོ་གྲྭ་ཁང་གིས་ ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ནི་དང་ བི་རི་ཀེཊ་ཚུ་ཡང་ ཕྱིར་ཚོང་འཐབ་དགོཔ་འདུག་ཟེར་ཨིན་པས།
འཕྲུལ་ཁང་ནང་ལས་ཐོན་མི་ ཐོན་སྐྱེད་ལ་ལོ་ཅིག་ ཞིང་ནང་ལུ་ ལུད་སྦེ་ལག་ལེན་འཐབ་བཏུབ་ནི་དང་ གལ་སྲིད་ གཞུང་གིས་ རྒྱབ་སྐྱོར་འབད་བ་ཅིན་ ཚོང་འབྲེལ་གྱི་དོན་ལུ་ ཤུགས་བཏོན་ནི་ཨིན་ཟེར་ ཀུན་བཟང་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།
ནང་འདྲེན་འབད་མི་ སོལ་མི་ཚུ་ དུམ་གྲ་ཅིག་ གོང་ཚད་ཁེ་སུ་ཡོད་དེ་འབད་རུང་ མོ་གིས་འབད་བ་ཅིན་ སོལ་མོ་གི་སྤུས་ཚད་ཚུ་ ནང་འཁོད་ལས་ཐོན་མི་དང་ ནང་འདྲེན་འབད་མི་གཉིས་ མ་འདྲཝ་སྦེ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།