༉ བཀྲིས་ཆོས་གླིང་སྨན་ཁང་ བཟོ་སྐྲུན་གྱི་ལཱ་བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ཡོད་རུང་ བཟོ་སྐྲུན་གྱི་ཞག་དུས་ དུས་ཅི་ སྤྱི་ཟླ་༡༠ པའི་ཚེས་༢༠ འི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་ནི་དེ་ ལཱ་ཁག་གཏང་ནི་བཟུམ་ཅིག་ཡོདཔ་ཨིན་པས།
དགོས་མཁོ་ཅན་གྱི་ཞི་བའི་ལཱ་ འཐུང་ཆུ་བཀྲམ་སྤེལ་དང་ ཕྱགས་སྙིགས་འཛིན་སྐྱོང་འཕྲུལ་ཁང་ ཐོག་ཚད་༡ འབད་མི་ཐབ་ཚང་ སྨན་བཞག་ས་ དེ་ལས་ གློག་མེ་ཁང་རྐྱབ་ནི་ཚུ་ མཇུག་བསྡུ་སྟེ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ འཁོར་ལམ་ཚུ་ནང་ རྩི་ནག་གཏང་ནིའི་ལཱ་ཚུ་ འགོ་མ་བཙུགས་པར་ཡོདཔ་ད་ དམིགས་བསལ་གཙུག་སྒྲིག་ དྲོད་སྐྱེད་དང་ རླུང་འཛུལ་ལམ་ལུགས་ གསོ་བའི་རྒྱ་རྫི་དུང་དང་མེ་བསད་ལམ་ལུགས་ ཆུ་ཚད་འཛིན་ལམ་ལུགས་ དེ་ལས་ ཨིན་ཊར་ནེཊ་བཙུགས་ནི་གི་ལཱ་ཚུ་ འགོ་མ་བཙུགས་པར་ ཡོདཔ་ཨིན་པས།
ལས་འགུལ་དེ་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ རྐྱབ་དོ་ཡོདཔ་ལས་ ལཱ་ག་ར་ མཇུག་བསྡུ་ནིའི་དོན་ལས་ དུས་ཚོད་ཕར་འགྱངས་ཐེབས་དགོ་ནི་གི་ བརྡ་མཚོན་ཨིན་པས།
ལས་འཛིན་གྱི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཞག་དུས་ལས་ ཟླ་༡ དང་༢ འགོར་ནི་བཟུམ་འདུག་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་བཟོ་རིག་འགོ་དཔོན་ བསམ་བརྟན་ནོར་བུ་གིས་ སླབ་མིའི་ནང་ འཆར་དངུལ་མཐའ་གཅད་དང་ ལས་འགུལ་རྩིས་སྤྲོད་ཀྱི་ དུས་ཚོད་གཏན་འཁེལ་བཟོ་ནིའི་དོན་ལས་ འཕྲལ་མགྱོགས་ར་ ལས་འཛིན་གྱི་འཛིན་སྐྱོང་དང་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
ད་རེས་ ལས་འཛིན་གྱིས་ དུས་ཚོད་ཕར་འགྱངས་ཀྱི་ གྲོས་འཆར་བཙུགས་ཏེ་མེདཔ་ལས་ ལས་འགུལ་དེ་ དུས་ཚོད་ཁར་ རྩིས་སྤྲོད་འབད་ནི་ལུ་ རེ་བ་བསྐྱེད་ཡོད་ཟེར་ བསམ་གཏན་ནོར་བུ་གིས་ བཤདཔ་ཨིན་པས།
ལས་འགུལ་མགྱོགས་པར་ མཇུག་བསྡུ་ནིའི་དོན་ལུ་ ལས་འཛིན་གྱིས་ ཁ་སྐོང་བཟོ་རིག་འགོ་དཔོན་དང་ ལཱ་གི་ དུས་ཚོད་ཡང་ ཡར་སེང་འབད་ཡོདཔ་བཞིན་དུ་ འཕྲལ་འཕྲལ་ ནུབ་མོའི་ཆུ་ཚོད་༡༡ ཚུན་ཚོད་ཡང་ ལཱ་འབད་དོ་ཡོདཔ་ད་ ལས་འགུལ་འཛིན་སྐྱོང་གིས་ ཟླ་རིམ་བཞིན་དུ་ ལཱ་གི་གྲུབ་འབྲས་ཚུ་ རྫོང་ཁག་བདག་སྐྱོང་ལུ་ དུས་མཐུན་འབད་དོ་ཡོདཔ་ཨིན་པས།
མི་ཊར་༨༨ དང་ ཐོག་ཚད་༢ འབད་མི་ སྒྲིག་ཁྱིམ་དེ་ནང་ ཨེ་ཀར་༧ དང་ བསྟན་གྲུ་གི་ གཞུང་ལམ་བདའ་སྟེ་ཡོད་མི་ སྨན་ཁང་ནང་ ཉལ་ཁྲི་༤༠ ཤོང་ཚུགས་ནི་ཨིནམ་ད་ བཟོ་སྐྲུན་གྱི་ ལཱ་དེ་ཡང་ ཕྱི་དང་ ནང་འཁོད་ཀྱི་ ལས་མི་༡༢༠ གིས་ སྤྱི་ལོ་༢༠༢༢ ཟླ་༣ ༤ པ་ལས འགོ་བཙུགས་ཡོདཔ་ཨིན་པས།
ལས་འགུལ་དེ་ དངུལ་ཀྲམ་ས་ཡ་༥༠༠ ཐོག་ལས་ རྐྱབ་དོ་ཡོདཔ་ད་ མ་དངུལ་དེ་ཡང་ ལས་འགུལ་འགོ་བཙུགས་མི་གི་ ཚོད་རྩིས་དངུལ་ཀྲམ་ས་ཡ་༤༦༤ ལས་ ཡར་སེང་སོང་ཡོདཔ་ཨིན་པས།
དངུལ་ཀྲམ་ས་ཡ་༤༠༠ འཛིན་གྲོལ་འབད་མི་ལས་ སྤྱི་ཟླ་༨ པའི་ ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༣༥༨ ལག་ལེན་འཐབ་ཚར་ཡོདཔ་ལས་ དམིགས་བསལ་གྱི་ ལཱ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠༠ རྐྱངམ་གཅིག་ ལུས་ཡོདཔ་ཨིན་པས།
དམིགས་བསལ་གྱི་ ལཱ་ཚུ་གི་ ལས་མི་ཚུ་ འཕྲལ་འཕྲལ་ར་ འོང་ནི་མེད་མི་ལུ་བརྟེན་ ལཱ་བསྣར་འགྱངས་ལུས་ཡོདཔ་ད་ དཔེར་ན་ བཟོ་རིག་འགོ་དཔོན་༤ ཨཱསི་ཊེ་ལི་ཡ་ལུ་ སོང་ཡོདཔ་དང་ ཚར་༣ དེ་ཅིག་ གློག་མེ་བཟོ་རིག་འགོ་དཔོན་ སོར་དགོཔ་བྱུང་ཡོདཔ་ལས་ ལཱ་མཇུག་བསྡུ་ནི་ལུ་ གདོང་ལེན་བྱུང་ཡོདཔ་ཨིན་པས།
ལས་འཛིན་གྱི་ ལས་འགུལ་འཛིན་སྐྱོང་པ་ ཅཱན་ད་ར་ པར་ཀཱཤི་གིས་ ལཱ་བསྣར་འགྱངས་ལུས་མི་ཐད་ལུ་ ག་ནི་ཡང་ སླབ་མ་བཏུབ་ཨིན་པས།
རྫོང་ཁག་བདག་སྐྱོང་གི་ ནང་འཁོད་ལུ་ མཁས་མཆོག་མེདཔ་ལས་ སྨན་ཁང་རྐྱབ་ནི་གི་ འཆར་གཞི་དང་ བཟོ་བཀོདཔ་ཚུ་ དམིགས་བསལ་གྱི་ གྲོས་སྟོན་པ་ལུ་བྱིན་ཏེ་ སྤྱི་ལོ་༢༠༡༩ ལས་ མཇུག་བསྡུ་ཡོདཔ་ཨིན་པས།
བསམ་རྩེ་སྨན་ཁང་དང་ དགེ་ལེགས་ཕུག་སྨན་ཁང་ དེ་ལས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ སྟབས་མ་བདེཝ་ཚུ་ ངོས་ལེན་འབད་དེ་ སྤུས་ཚད་དང་ལྡནམ་སྦེ་ བཟོ་སྐྲུན་འབད་ནི་གི་ ལས་འགུལ་དེ་ ལས་འཛིན་ལུ་ བྱིན་ཡོདཔ་ཨིན་པས།
སྨན་ཁང་དེ་ རྐྱབ་ཚར་བའི་ཤུལ་ལས་ བཀྲིས་ཆོས་གླིང་དྲུང་ཁག་འོག་གི་ པདྨ་གླིང་དང་ རྣམ་རྒྱལ་ཆོས་གླིང་ ནོར་རྒྱས་སྒང་ བསྟན་འབྲུ་རྒེད་འོག་ དེ་ལས་ ཉེ་འདབས་ཀྱི་རྒེད་འོག་ འོད་གསལ་རྩེ་དང་ སངས་སྔགས་ཆོས་གླིང་རྒེད་འོག་ རྒྱ་མཚོ་གླིང་གི་ རྒྱལ་སྲུང་ཤེས་ཡོན་ལྟེ་བ་ཚུ་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་པས།
སྨན་ཁང་དེ་ རྐྱབ་ཚར་ནིའི་གུ་ ལྷོད་དེ་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ད་ སོ་ནམ་པ་ ཨམ་བར་ གུ་རུང་གིས་ སླབ་མིའི་ནང་ སྨན་ཁང་གི་ཞབས་ཏོག་ཚུ་ ཐོབ་ནི་ལུ་ ཟླཝ་དག་པ་ཅིག་ འགོར་ནི་ཨིན་རུང་ བསམ་རྩེ་ལུ་ འགྱོ་མ་དགོ་པར་ དགོས་མཁོ་ཅན་གྱི་ ཞབས་ཏོག་ཚུ་ སྨན་ཁང་གསརཔ་ལས་ འཐོབ་ནི་ཨིནམ་ལས་ སེམས་དགའ་སྟེ་ ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ མི་སེར་ཚུ་ སྤྱི་ལོ་༡༩༥༦ ལུ་རྐྱབ་མི་ ཉལ་ཁྲི་༡༠ འབད་མི་ སྨན་ཁང་ལུ་ བརྟེན་སྡོད་དོ་ཡོདཔ་ད་ དེ་ནང་ ཉལ་ཁྲི་དང་ འཐུང་ཆུ་བཀྲམ་སྤེལ་གྱི་དཀའ་ངལ་ དེ་ལས་ སྨན་ཁང་དེ་ ལམ་ཐག་རིང་སར་ཡོདཔ་ལས་ ནདཔ་སྐྱེལ་འདྲེན་འབད་བའི་སྐབས་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
སྨན་ཁང་གསརཔ་དེ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པའི་ ལས་འགུལ་གྱི་ཆ་ཤས་ཅིག་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement