༉ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ ཐོ་བཀོད་འབད་མི་ ལས་སྡེ་༡༨ ཡོད་མི་ལས་༡༥ གིས་ དངུལ་ཀྲམ་ས་ཡ་༦༡.༨༤ གནས་པའི་ བགོ་བཤའ་ཚུ་ མ་ལེན་པར་ ཡོདཔ་ཨིན་པས།
བགོ་བཤའ་མ་ལེན་མི་ཚུ་ དུས་ཚོད་དང་འཁྲིལ་ཏེ་ བསྡུ་ལེན་འབད་དགོཔ་ཨིན་པས།
ལས་སྡེ་ཚུ་གི་གྲས་ལས་ འབྲུག་ཉེན་བཅོལ་ལས་འཛིན་ཚད་ལུ་ བགོ་བཤའ་མ་ལེན་མི་ དངུལ་ཀྲམ་ས་ཡ་༡༦.༦༤ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་འོག་ལས་ར་ འབྲུག་པཱན་ཇཔ་དངུལ་ཁང་ལུ་ བགོ་བཤའ་དངུལ་ཀྲམ་ས་ཡ་༡༦.༢ ཡོདཔ་ཨིན་པས།
བཀྲིས་དངུལ་ཁང་དང་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་ཚད་ལུ་ བགོ་བཤའ་དངུལ་ཀྲམ་ས་ཡ་༧.༩༣ དང་ དངུལ་ཀྲམ་༦.༦༢ རེ་ ཡོདཔ་ཨིན་པས།
ཤེར་ཟ་ལས་སྡེ་དང་ གདུང་བསམ་འགྱིབ་ཆས་ལས་འཛིན་༢ ཀྱིས་ གཞི་བཙུགས་འབད་མི་ལས་ འགོ་བཙུགས་ཏེ་ བགོ་བཤའ་གསལ་བསྒྲགས་མ་འབད་བར་ཡོདཔ་ཨིན་པས།
རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་གྱིས་ བཀོད་མིའི་ནང་ བགོ་བཤའ་ལེན་པར་ མ་འོང་མི་དེ་ གཙོ་བོ་ར་ དངུལ་འབྲེལ་ཤེས་ཡོན་མེད་མི་ལུ་བརྟེན་ཨིནམ་ད་ བགོ་བཤའ་འཆང་མི་ མང་ཤོས་ཅིག་གིས་ རང་གིས་མ་རྩ་གཞི་བཙུགས་འབད་མི་ལས་ བགོ་བཤའ་ཐོབ་ཟེར་ ཤེས་རྟོགས་མིན་འདུག་ཟེར་ཨིན་པས།
ལས་སྡེ་ཚུ་གིས་ བགོ་བཤའ་ཚུ་ ཐད་ཀར་དུ་ བགོ་བཤའ་འཆང་མི་ཚུ་གི་ རྩིས་ཁྲ་ནང་ བཙུགས་བྱིན་དོ་ཡོདཔ་ད་ ཨིན་རུང་ བགོ་བཤའ་འཆང་མི་ མང་ཤོས་ཅིག་ལུ་ རྩིས་ཁྲ་བཟོ་སྟེ་མེདཔ་མ་ཚད་ ལ་ལུ་གི་ རྩིས་ཁྲ་དེ་ ལག་ལེན་མ་འཐབ་པར་ཡོདཔ་ལས་ མ་དངུལ་འཛིན་གྲོལ་འབད་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
བགོ་བཤའ་ཚུ་ ལས་སྡེ་དང་གཅིག་ཁར་ སྡོད་ནི་ཨིནམ་ད་ བགོ་བཤའི་བརྡ་དོན་ཚུ་ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་དང་ དུས་མཐུན་འབད་ནི་ཨིནམ་བཞིན་དུ་ རང་སོའི་བགོ་བཤའ་ཚུ་ ལས་སྡེ་གིས་ བགོ་བཤའི་རྩི་ཁྲ་ནང་ བཙུགས་བྱིན་འོང་ཟེར་ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་འཁྲིལཝ་ད་ ལས་སྡེ་ཚུ་གིས་ བགོ་བཤའ་ལས་ བགོ་བཤའ་འཆང་མི་ཚུ་ལུ་ ཐད་ཀར་འཛིན་གྲོལ་འབད་ནི་དེ་ ལག་ལེན་འཐབ་དོ་ཡོདཔ་ད་ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་གྱིས་ བགོ་བཤའ་མ་ལེན་མི་ཚུ་ མི་བཞག་དོ་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་གྱིས་ ལས་སྡེ་ཚུ་ལུ་ བགོ་བཤའ་བྱིན་ནིའི་ བྱ་རིམ་ཚུ་ ཕན་ཐབས་ལུ་ བགོ་བཤའ་འཆང་མི་ཐོ་ཚུ་ དུས་མཐུན་འབད་དོ་ ཡོདཔ་ཨིན་པས།
ལས་སྡེའི་རྩོད་འཛིན་དང་ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་མཉམ་འབྲེལ་ཐོག་ལས་ མ་རྩ་གཞི་བཙུགས་འབད་མི་ཉེན་སྲུང་མ་དངུལ་གྱི་ བཅའ་ཡིག་ཅིག་ ཟིན་བྲིས་འབད་བའི་བསྒང་ཡོདཔ་ད་ དེ་གིས་ བགོ་བཤའ་མ་ལེན་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ནི་ཨིན་པས།
བཅའ་ཡིག་དེ་ཡང་ སང་ཕོད་ལས་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
བགོ་བཤའ་མ་ལེན་མི་ཚུ་ ལྷན་ཐབས་འབད་ནིའི་དོན་ལུ་ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་གྱིས་ དངུལ་འབྲེལ་ཤེས་ཡོན་ལས་རིམ་ཚུ་ ལག་ལེན་འཐབ་དོ་ ཡོདཔ་ཨིན་པས།
རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་རིམ་ནང་ རེས་གཟའ་སྤེནམ་ཨ་རྟག་ར་ ཡོངས་འབྲེལ་ཐོག་ལས་རིམ་དང་ ཤེས་ཡོན་ཅན་གྱི་ གློག་བརྙན་བརྗེ་སོར་ལ་སོགས་པ་ཚུ་ འབད་དོ་ཟེར་ཨིན་པས།
དེ་མ་ཚད་ དུས་ཚོད་ཁར་ བགོ་བཤའ་ཚུ་འཐོབ་ནི་ལུ་ རང་སོའི་ རྩིས་ཁྲ་ཁ་གསལ་དང་ དགོས་མཁོ་ཅན་གྱི་བརྡ་དོན་ཚུ་ དུས་མཐུན་འབད་ནིའི་ གལ་ཅན་སྐོར་ལས་ བཤད་དོ་ཡོདཔ་ད་ ལས་སྡེ་དང་ བར་ཚོང་པ་དང་ མཉམ་འབྲེལ་ཐོག་ལས་ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་གྱིས་ ཐད་ཀར་དུ་ བགོ་བཤའ་འཆང་མི་ཚུ་ འབྲེལ་བ་འཐབ་དོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།