༉ སྤྱི་ཟླ་༦ པའི་ཚེས་༢ ལས་ འགོ་བཙུགས་ཏེ་ ལོ་བསྟར་བཞིན་དུ་ བང་ལ་དེཤ་ལས་ འགོ་དང་པ་ ལྟ་བཤལཔ་༡༥,༠༠༠ གིས་ འབྲུག་ལུ་འོང་པའི་སྐབས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༡༥ ལས་ སྤྲོད་མི་དགོ་ནི་ཨིན་པས།
དམིགས་བསལ་གྱི་ ལམ་ལུགས་དེ་ཡང་ སྤྱི་ལོ་༢༠༢༧ ཚུན་ཨིནམ་ད་ ཡུ་ཨེསི་ཌོ་ལར་༡༥ པོ་དེ་ ད་རེས་ནངས་པ་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ དངུལ་ཀྲམ་༡,༢༠༠ སྤྲོད་མི་དང་ འདྲན་འདྲ་ཨིན་པས།
ལོ་༡ ནང་ བང་ལ་དེཤ་གྱི་ལྟ་བཤལཔ་༡༥,༠༠༠ ལས་བརྒལ་བ་ཅིན་ ཨ་རྟག་བཟུམ་སྦེ་ ལྟ་བཤལཔ་རེ་དང་ སྡོད་ཞག་རེ་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༡༠༠ སྤྲོད་དགོ་ནི་ཨིན་པས།
སྤྱི་ལོ་༢༠༢༢ ཟླ་༩ པ་ལས་ ལྟ་བཤལ་སྲིད་བྱུས་གསརཔ་ ལག་ལེན་འཐབ་མི་དང་འབྲེལ་ བང་ལ་དེཤ་གི་ ལྟ་བཤལཔ་ཚུ་གིས་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེསི་ཌོ་ལར་༢༠༠ རེ་ སྤྲོད་དགོཔ་བྱུང་ཡོདཔ་ཨིན་པས།
ལྟ་བཤལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ བང་ལ་དེཤ་གི་ ལྟ་བཤལཔ་ཚུ་གིས་ སྐྱོད་ཐམ་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་ ཞུ་ཡིག་བཙུགས་ཏེ་ འཐོབ་ཚུགས་ནི་དང་ ཡང་ཅིན་ འབྲུག་ལུ་ལྷོདཔ་ད་ ལེན་རུང་མ་བཏུབ་མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྟ་བཤལ་ལམ་སྟོན་པའི་ དགོས་མཁོ་དང་ ཟ་ཁང་ཚུ་གི་དོན་ལས་ཡང་ ཞུ་ཡིག་བཙུགས་དགོཔ་ཨིན་པས།
སྤྱི་ལོ་༢༠༡༩ ལུ་ ལྟ་བཤལཔ་༣༡༥,༥༩༩ འོང་མིའི་གྲས་ལས་༡༣,༠༡༦ བང་ལ་དེཤ་གི་ ལྟ་བཤལཔ་ཚུ་ཨིནམ་བཞིན་དུ་ རྒྱལ་ཁབ་གཞན་གྱི་ ལྟ་བཤལཔ་ཚུ་དང་ཕྱདཔ་ད་ ལྟ་བཤལ་འོང་མི་དེ་ མཐོ་ཤོས་ཨང་༢ པའི་ནང་ ཚུད་ཡོདཔ་ཨིན་པས།
ཨིན་རུང་ ལྟ་བཤལཔ་ཚུ་གི་དོན་ལུ་ ས་མཚམས་སྒོ་ཕྱེས་བའི་ཤུལ་ལས་ བང་ལ་དེཤ་གི་ ལྟ་བཤལཔ་༡༥ རྐྱངམ་གཅིག་འོང་ཡོདཔ་ད་ དུས་ཅི་ ལྟ་བཤལཔ་༡༤ ལས་བརྒལ་ མ་འོངམ་ཨིན་པས།
བང་ལ་དེཤ་གཞུང་གིས་ འབྲུག་གཞུང་ལུ་ ཟུང་ཕྱོགས་ཀྱི་ ཞལ་འཛོམས་ཁག་མང་རབས་ཅིག་ནང་ བང་ལ་དེཤ་གི་ ལྟ་བཤལཔ་ཚུ་གི་དོན་ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ མར་ཕབ་འབད་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
གཞུང་༢ ཀྱི་བར་ན་ རྒྱུན་འགྲུལ་བརྗེ་སོར་དང་ མགྲོན་སྐྱོང་གི་ གན་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་བཞིན་དུ་ དེ་གིས་ འབྲུག་ལུ་ སྣ་མང་ཐབས་ལམ་སྐྱེལ་འདྲེན་བདེ་སྒྲིག་ ལག་ལེན་ཐོག་ལས་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
དེ་མ་ཚད་ འབྲུག་དང་ བང་ལ་དེཤ་གིས་ ཀུ་རི་ག་རམ་རྫོང་ཁག་དང་ བྱང་བང་ལ་དེཤ་ལུང་ཕྱོགས་ལུ་ དམིགས་བསལ་གྱི་ དཔལ་འབྱོར་ས་གོ་ གཞི་བཙུགས་འབད་ནིའི་དོན་ལས་ གན་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
འབྲུག་པའི་མ་རྩ་གཞི་བཙུགས་འབད་མི་ཚུ་གི་དོན་ལས་ བང་ལ་དེཤ་གིས་ ཀུ་རི་ག་རམ་ལུ་ དམིགས་བསལ་གྱི་ དཔལ་འབྱོར་གཞི་བཙུགས་འབད་ནི་ལུ་ ས་ཆ་ཨེ་ཀར་༡༩༠ ངོས་ལེན་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་དང་ བང་ལ་དེཤ་རྒྱལ་ཁབ་༢ ཀྱིས་ གསོ་བ་ལས་སྡེ་འབདཝ་ད་ ཐིམ་ཕུག་ལུ་ མེ་གིས་འཚིགས་མི་དང་ པགས་པ་ དེ་ལས་ བསྐྱར་བཙུགས་ཀྱི་གཤག་བཅོས་ སྡེ་ཕྲག་ཅིག་ གཞི་བཙུགས་འབད་ནི་གི་ མཉམ་འབྲེལ་གོ་བརྡའི་ ཆིངས་ཡིག་གུ་ མཚན་རྟགས་ཅིག་ཡང་ བཀོད་ཡོདཔ་ཨིན་པས།
གོ་བརྡ་ཆིངས་ཡིག་དེ་ འབྲུག་གི་ དོ་འགྲན་དང་ཉོ་སྤྱོད་དབང་འཛིན་དང་ བད་ལ་དེཤ་གི་ རྒྱལ་ཡོངས་ཉོ་སྤྱོད་ཐོབ་དབང་ཉེན་སྲུང་དང་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
བང་ལ་དེཤ་གིས་ རྒྱབ་སྐྱོར་དེ་ རྒྱ་སྐྱེད་འབད་ཡོདཔ་བཞིན་དུ་ འབྲུག་གི་འགོ་དཔོན་ཚུ་ལུ་ བང་ལ་དེཤ་གི་ སོ་ནམ་ཞིབ་འཚོལ་ཚོགས་སྡེ་ལུ་ དམིགས་བསལ་གྱི་ སྦྱོང་བརྡར་ཚུ་ བྱིན་ནི་ཨིནམ་ད་ དེ་གིས་ སོ་ནམ་དང་འབྲེལ་བའི་ ས་གོ་ནང་ ཤེས་ཡོན་དང་ མཁས་མཆོག་ཚུ་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
དེ་མ་ཚད་ བང་ལ་དེཤ་གིས་ འབྲུག་མི་ཚུ་ ཌོག་ཊར་སྦྱོང་བརྡར་གྱི་ གྱངས་ཁ་ཡང་༢༢ ལས་༣༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
འབྲུག་དང་ བང་ལ་དེཤ་བར་ན་ མཛའ་བཤེས་མཐུན་འབྲེལ་དེ་ བང་ལ་དེཤ་ རང་དབང་ཐོབ་སྟེ་ ལོ་༢ ཀྱི་ཤུལ་ལས་ སྤྱི་ལོ་༡༩༧༣ ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།