བཀྲིས་ཕུན་ཚོགས།
༉ ཐིམ་ཕུག་ བདེ་ཆེན་ཕོ་བྲང་དགེ་འདུན་གཞི་རིམ་སློབ་གྲྭའི་ནང་ དགེ་ཚོགས་སློབ་དཔོན་སྐུ་བགྲེས་ ཀུན་བཟང་དབང་འདུས་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༣༢༠དེ་ཅིག་གིས་ སྒྲོལ་མ་འབུམ་བསག་པའི་བསྒང་ཡོད་མི་དེ་ ད་རིས་ འགྲོལ་གནང་ནི་ཨིན་པས།
ཐིམ་ཕུག་བདེ་ཆེན་ཕོ་བྲང་དགེ་འདུན་གཞི་རིམ་སློབ་གྲྭ་གིས་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་མི་ སྒྲོལ་མ་འབུམ་ཐེངས་༡༢ པ་དེ་ སྤྱི་ཟླ་༤ པའི་ཚེས་༡༦ ལས་ འགོ་བཙུགས་ཡོདཔ་ཨིན་པས།
སྒྲོལ་མ་འབུམ་བསག་གནང་མི་དང་འབྲེལ་ དགེ་ཚོགས་སློབ་དཔོན་སྐུ་བགྲེས་ ཀུན་བཟང་དབང་འདུས་མཆོག་གིས་ སྤྱིར་འཛམ་བུ་གླིང་དང་ ཁྱད་པར་དུ་ འབྲུག་རྒྱལ་ཁབ་ནང་ འབྱུང་བ་བཞིའི་རྐྱེན་ངན་ཚུ་ཟློག་སྟེ་ མཐུན་རྐྱེན་ཕུན་ཚོགས་འབྱུང་ཐབས་ལུ་ ཐུགས་སྨོན་དང་བཅས་ བདེ་མཆོག་བཞིའི་སྦྱིན་སྲེག་ཉིནམ་༣ པ་ གནང་ཡོདཔ་ཨིན་པས།
སྒྲོལ་མ་འབུམ་མ་བསག་པའི་ཧེ་མར་ དྲོ་པ་དབང་ལུང་ཁྲིད་གནང་མི་དེ་ཡང་ དགེ་ཚོགས་སློབ་དཔོན་གྱིས་ གསུངས་མིའི་ནང་ རྗེ་བཙུན་སྒྲོལ་མའི་མཚན་སྔགས་དེ་ རང་གི་གཟུགས་ལུ་ འོད་ཀྱིས་གང་ཞིནམ་ལས་ དུས་མ་ཡིན་པའི་འཆི་བ་ཚུ་བསལ་ནི་དང་ ནད་རིགས་བཞི་བརྒྱ་རྩ་བཞི་དང་ གདོན་ལ་སོགས་པ་ཚུ་ དག་ནི་དང་ བསྐྲད་གཏང་ནི་ འོད་དེ་གིས་སྦེ་ སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལུ་ཕོག་སྟེ་ ལས་ངན་སྡིག་སྒྲིབ་དག་ནི་དང་ མཐར་ཐུག་བདེ་བ་ཅན་ལུ་ སྐྱེ་ཚུགས་ཟེར་ཨིན་པས།
རྗེ་མཙུན་སྒྲོལ་མའི་ སྐུ་གསུང་ཐུགས་ཀྱི་དབང་ཚུ་ ཐོབ་ཞིནམ་ལས་ ཉིན་མཚན་མེད་པར་ བསྒྲུབ་དགོཔ་གལ་ཆེ་ཟེར་ དགེ་ཚོགས་སློབ་དཔོན་གྱིས་ གསུངས་པའི་ཁར་ གལ་སྲིད་ ནདཔ་ཅིག་ སྨན་ཁང་ནང་སོང་སྟེ་ ནད་དང་འཁྲིལ་བའི་ སྨན་ཐོབ་མི་དེ་ ནདཔ་གིས་ མ་བཟའ་བར་བཞག་དོ་བཟུམ་སྦེ་ དབང་ལུང་ཁྲིད་ཚུ་ཐོབ་རུང་ དད་པ་སྙིང་ནས་བསྐྱེད་དེ་ མ་བསྒྲུབ་པ་ཅིན་ ཕན་ཐོགས་འབྱུང་མི་ཚུགས་ཟེར་ཨིན་པས།
རྗེ་བཙུན་སྒྲོལ་མ་དེ་ རང་གི་ཡི་དམ་གྱི་ལྷ་སྦེ་ཐོབ་པའི་ཁར་ མཚན་སྔགས་ཀྱི་ལུང་ཐོབ་ཞིནམ་ལས་ ཉིནམ་མ་ཆད་པར་དྲན་ཏེ་ ཁ་ཐུན་གཏང་ནི་དང་ བགྱང་པ་ཅིན་ སྨན་བཅོས་རིམ་གྲོ་ག་ཅི་གིས་ཡང་ ཕན་ཐོགས་མ་ཚུགས་མི་ ནད་གཞི་དེ་ དྲག་ཚུགས་པའི་ནུས་པ་དང་ བྱིན་རླབས་ཡོད་ཟེར་ དགེ་ཚོགས་སློབ་དཔོན་གྱིས་ གསུངས་ཡི།
རྗེ་བཙུན་སྒྲོལ་མ་དེ་ སངས་རྒྱས་ཐམས་ཅད་བསྡུས་པའི་ ལྷ་མོ་ཅིག་ཨིནམ་ལས་ རྗེ་བཙུན་སྒྲོལ་མ་ལུ་ གསོལ་བ་བཏབ་པ་ཅིན་ དེ་གི་ཕན་ཡོན་ཡང་ སྡིག་པ་ཐམས་ཅད་འཇོམས་ནི་དང་ དུག་རྣམས་བསལ་ནི་ རྩོད་དང་རྨི་ལམ་ངན་པ་བསལ་ནི་ ཤིན་ཏུ་དྲག་པའི་རིམས་ནད་བསལ་ནི་ སྒྲིབ་གཉིས་བྱང་ཞིང་ ཚོགས་གཉིས་མྱུར་དུ་རྫོགས་ནི་ འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་ ཆར་ཆུ་དུས་སུ་འབབ་ནི་ ལོ་ཕྱུག་རྟག་ཏུ་ལེགས་ནི་ མི་ནད་ཕྱུགས་ནད་རྒྱུན་ཆད་ནི་ དུས་ཀྱི་འཁྲུག་པ་ཞི་ནི་ དེ་ལས་ བསམ་དོན་འབད་མེད་ལྷུན་གྱིས་འགྲུབ་ཚུགས་པའི་ ཕན་ཡོན་ཚུ་ཡོདཔ་ཨིན་པས།
སྒྲོལ་མ་འབུམ་བསགས་མི་དང་འབྲེལ་ མི་དབང་མངའ་བདག་རྒྱལ་པོའི་སྐུ་ཀླུད་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་སྐུ་ཀླུད་ དེ་ལས་ གཞན་ཡང་ སྤྱིར་བཏང་བླམ་ཆོསཔ་དང་ མི་སེར་ དེ་ལས་ མི་ཁ་ཚུ་གི་ཀླུད་ཚུ་ཡང་བཟོ་སྟེ་ སྐུ་རིམ་ཚུ་ སྒྲུབ་གནང་དོ་ཡོདཔ་ལས་ ཉིན་བསྟར་བཞིན་དུ་ དད་ཅན་བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་དོ་ཡོད་པའི་གནས་ཚུལ།