༉ ཀི་ལོ་མི་ཊར་༦༡ འབད་མི་ བདེ་བ་ཐང་དང་ ངང་ལམ་གཞུང་ལམ་གྱི་ བཟོ་སྐྲུན་དེ་ སྤྱི་ལོ་༢༠༢༨ ཀྱི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
དེ་ཡང་ བདེ་བ་ཐང་ཁ་ཐུག་ ཀི་ལོ་མི་ཊར་༢༤ དེ་ཅིག་ བསལ་ཚར་ཡོདཔ་ད་ བདེ་བ་ཐང་ལས་ ཀི་ལོ་མི་ཊར་༣༧ ད་ལྟོ་ རང་བཞིན་གནས་སྟངས་དང་འབྲེལ་བའི་ བརྟག་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
གཞུང་ལམ་དེ་ སྤྱི་ལོ་༢༠༢༢ ཀྱི་ ཟླཝ་༩ པའི་ནང་ བསལ་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ དཱན་ཊག་ལས་འགུལ་ལུ་ རྩིས་སྤྲོད་པའི་ཤུལ་ལས་ཨིན་པས།
གཞུང་ལམ་དེ་ བསལ་ནིའི་དོན་ལུ་ རྒྱ་གར་གཞུང་གིས་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༣.༤༩ དེ་ཅིག་ བྱིན་ཡོདཔ་ད་ གཞུང་ལམ་དེ་ཁར་ ཟམ་༧ དེ་ཅིག་ རྐྱབ་དགོཔ་ཨིན་པས།
བཟོ་སྐྲུན་དང་སྐྱེལ་དྲེན་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ངང་ལམ་ལས་ ཆོས་འཁོར་གླིང་རྒེད་འོག་ཚུན་ཚོད་ ཀི་ལོ་མི་ཊར་༢༤ དེ་ཅིག་ བསལ་ཚར་ཏེ་ རྡོ་ཞིབ་ཀྱི་ལཱ་དང་ གཞན་མི་ ཆུ་གཡུར་ལ་སོགས་པའི་ ལཱ་ཚུ་འབད་དོ་ཟེར་ཨིན་པས།
གཞུང་ལམ་དེ་ ཧེ་མ་ལས་ར་ བསལ་ནིའི་འཆར་གཞི་ཡོད་རུང་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་འབྲེལ་བའི་དཀའ་ངལ་དང་ འཁོར་ལམ་ཀྱི་བཟོ་བཀོད་ དེ་ལས་ ནད་ཡམས་ལུ་བརྟེན་ ཁ་གསལ་སྙན་ཞུ་བཟོ་ནིའི་ནང་ དཀའ་ངལ་ཐོན་ཡོདཔ་ལས་ ཐོགས་ལུས་སོཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ དཱན་ཊག་ལས་འགུལ་གྱིས་ འཕྲུལ་ཆས་དང་ལས་མི་ དེ་ལས་ གཞན་ཅ་ཆས་ཚུ་ འཐོབ་མ་ཚུགས་པའི་དཀའ་ངལ་ལུ་བརྟེན་ ཡུན་འགྱངས་ལུས་ནུག་ཟེར་ཨིན་པས།
གཞུང་ལམ་གྱིས་ བདེ་བ་ཐང་དང་ ངང་ལམ་གྱི་ མི་སེར་མ་ཚད་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ཚུ་གིས་ རང་སོའི་ཐོན་ཁུངས་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ ཁེ་ཕན་འབྱུང་ནི་ཨིནམ་ད་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་ལུ་ ངོ་རྒོལ་འགྲེམ་སྟོན་ཚུ་འབད་བའི་སྐབས་ དོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་པས།
གཡུས་མི་ ཀུན་བཟང་གིས་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་འགྱོ་བའི་སྐབས་ རྒྱ་གར་གྱི་ མངའ་སྡེ་བརྒྱུད་དེ་ འགྱོ་དགོཔ་ལས་ ཉེན་ཁ་ཡོདཔ་མ་ཚད་ ལམ་ཐག་འབད་རུང་ རིང་སུ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་ལམ་མཐུད་ཚར་བའི་བསྒང་ལས་ བདེ་བ་ཐང་དང་ ངང་ལམ་གྱི་བར་ན་ ལམ་ཐག་ཐུང་ཀུ་འགྱོ་འོང་ཟེར་ཨིནམ་ད་ དུས་ཚོད་འབད་རུང་ དེ་ཅིག་ར་ མི་འགོར་ནི་མས་ཟེར་ཨིན་པས།
ངང་ལམ་ལུ་སྡོད་མི་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ དཱན་ཊག་ལས་འགུལ་གྱིས་ འཁོར་ལམ་བསལ་ནིའི་ནང་ དུས་ཚོད་འགོར་དོ་ཡོདཔ་ལས་ མགྱོགས་སུ་སྦེ་ བསལ་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ འཁོར་ལམ་དེ་གིས་ ཤར་ཕྱོགས་རྫོང་ཁག་ག་ར་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།
ཊཱག་གི་དེད་གཡོགཔ་ བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ གཞུང་ལམ་དེ་གིས་ དེད་གཡོགཔ་ཚུ་ལུ་ སྟབས་བདེ་ཏོག་ཏོ་འོང་ནི་མས་ཟེར་ཨིནམ་ད་ ས་སྣུམ་གྱི་ ཟད་འགྲོ་ལས་འབད་རུང་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།
བདེ་བ་ཐང་རྒཔོ་ ཀརྨ་སྒྲོལ་མ་གྱིས་ སླབ་མིའི་ནང་ དཱན་ཊག་ལས་འགུལ་ལུ་ འཁོར་ལམ་མགྱོགས་སུ་སྦེ་ བསལ་གནང་དགོ་པའི་ཞུ་བ་འབད་བཞིན་དུ་ཡོད་ཟེར་ཨིནམ་ད་ རྒེད་འོག་གི་ཁ་ཐུག་ལས་ འབད་ཚུགས་མི་ཅིག་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གཞུང་ལམ་དེ་གིས་ དཔལ་འབྱོར་དང་ ཚོང་འབྲེལ་ཡར་དྲག་གཏང་ནི་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།
གཞུང་ལམ་བསལ་ནིའི་དོན་ལུ་ སྤྱི་ལོ་༢༠༡༡ དང་༢༠༡༢ ལུ་ ཆོས་འཁོར་གླིང་དང་ བདེ་བ་ཐང་གི་ མི་སེར་ཚུ་གིས་ བརྟག་ཞིབ་འབད་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ངང་ལམ་དང་ བདེ་བ་ཐང་གཞུང་ལམ་དེ་ རྒྱལ་ཁབ་ཀྱི་ ཉེན་སྲུང་ལུ་བརྟེན་ ད་ལྟོ་ཚུན་ ཐོགས་ལུས་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གིས་ ལམ་བསལ་ནིའི་ ཁས་བླངས་འབདཝ་དང་གཅིག་ཁར་ གསར་སྤང་དང་ ཇོ་མོ་གཙང་ཁ་ དེ་ལས་ བདེ་བ་ཐང་དང་ ངང་ལམ་མཐུད་སྦྲེལ་འབད་ནིའི་ ཁས་བླངས་ཡང་ འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

Advertisement