༉ ཁྲོམ་ཆགས་ཀྱི་ འཆར་གཞི་འཐུས་ཤོར་བྱུང་མི་དང་ སྲིད་དོན་དང་འབྲེལ་བའི་ གྲོས་ཆོད་ལེགས་ཤོམ་མེད་མི་ལུ་བརྟེན་ འཕྲལ་འཕྲལ་ར་ རྒྱལ་ཁམས་ཀྱི་ མཐུན་རྐྱེན་ཚུ་ རྒྱ་ཆེ་དྲགས་སྦེ་ར་ འཕྲོ་བརླག་འགྱོ་དོ་ ཡོདཔ་ཨིན་པས།
དེ་ཡང་ ད་རེས་ བུམ་ཐང་ བདེ་སྐྱིད་གླིང་ཁྲོམ་ཀྱི་ གཞི་རྟེན་མཐུན་རྐྱེན་ཚུ་ སྣང་མེད་བཞག་སྟེ་ མེདཔ་ཐལ་མི་ལུ་བརྟེན་ ཤེས་ཚུགས་དོ་ཡོདཔ་ད་ ཁྲོམ་ཆགས་ཀྱི་ འཆར་གཞི་ཚུ་ སྤྱི་ལོ་༢༠༠༣ ལུ་ བཟོ་སྟེ་ ལོ་བཅུ་ཕྲག་༢ དེ་ཅིག་ལང་རུང་ ལས་འགུལ་དེ་ འགོ་བཙུགས་མ་ཚུགས་པར་ དེ་སྦེ་ར་བཞག་སྟེ་ ས་གནས་ཀྱི་ མི་སེར་ཚུ་ སེམས་དང་མ་ལྡན་པའི་ གནས་སྟངས་ཅིག་ལུ་ བཞག་ཡོདཔ་ཨིན་པས།
ཁྲོམ་གྱི་གཞི་རྟེན་རྐྱབ་ནི་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁག་གིས་ རྒྱབ་སྐྱོར་འབད་དེ་ སྤྱི་ལོ་༢༠༠༨ ལུ་ རྐྱབ་ཚར་པའི་ཤུལ་ལས་ ད་ལྟོ་ཚུན་ཚོད་ ལག་ལེན་མ་འཐབ་པར་ བཞག་ཡོདཔ་ཨིན་པས།
ད་རེས་ བདེ་སྐྱིད་གླིང་ཁྲོམ་གྱི་ འཁོར་ལམ་གུ་ ཧག་ཀ་ཧོག་ཀ་དང་ ཁྲོམ་ལམ་མེ་ཚུ་མེད་ཐལ་ཏེ་ ཡོད་པའི་ཁར་ བཙོག་གཡུར་ལམ་ལུགས་ཚུ་ མེདཔ་ཐལ་ཏེ་ བཙོག་ཆུང་བསུབས་སྟེ་ཡོདཔ་མ་ཚད་ རྩྭ་ཚུ་སྐྱེས་ཏེ་ ཁྲོམ་བཟུམ་སྦེ་ར་ མི་མཐོང་དོ་ཡོདཔ་ཨིན་པས།
ཁས་བླངས་སྟོངམ་འབད་ནི་ ཡང་ཅིན་ དགོངས་ཡངས་འབད་ནི་མེན་པར་ ད་རེསབདེ་སྐྱིད་གླིང་ཁྲོམ་ནང་ དང་ལེན་འབད་ནི་གི་ འཕྲལ་མཁོ་ཅན་སྦེ་ར་ གྲོས་ཆོད་དང་ ཐབས་ཤེས་དང་ལྡན་པའི་ ཐབས་ལམ་ཅིག་ བཏོན་དགོཔ་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ བདེ་སྐྱིད་གླིང་ཁྲོམ་གོང་འཕེལ་ལས་འགུལ་རྙིངམ་དེ་ གནད་དོན་ག་ཅི་ལུ་བརྟེན་ མཐར་འཁྱོལ་བྱུང་ མ་ཚུགས་ག་ཟེར་ བསམ་འཆར་སྣ་ཚོགས་བཀོད་དོ་ ཡོདཔ་ཨིན་པས།
ལ་ལོ་ཅིག་གིས་ བདེ་སྐྱིད་གླིང་ཁྲོམ་ནང་ ས་ཚན་༨༠ ལས་བརྒལ་མེདཔ་ལས་ ཚོང་འབྲེལ་གྱི་ ཆོག་ཐམ་ཡོད་མི་ ག་ར་ མི་ཤོང་དོ་ཡོདཔ་ད་ གཞན་མི་ཚུ་གིས་འབད་བ་ཅིན་ སྟབས་མ་བདེཝ་ བྱུང་མི་གཙོ་བོ་ར་ སྲིད་དོན་དང་འབྲེལ་བའི་ གནད་དོན་ནང་ མ་མཐུནམ་སོང་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ས་གནས་ཀྱི་ མི་ཅིག་གིས་ སླབ་མིའི་ནང་ བཙག་འཐུ་གྲུབ་པའི་ གཞུང་ཚུ་སོར་འགྱུར་འབད་མི་དང་འབྲེལ་ གྲུབ་འབྲས་ཅིག་ ག་ནི་ཡང་ བྱུང་མ་ཚུགས་པར་ ལུས་ཡོདཔ་བཞིན་དུ་ རྡོག་མ་གི་ ཚོང་ཁང་ཆུང་ཀུ་ཅིག་ར་ གཞི་བཙུགས་འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་གྱི་དོན་ལུ་ ས་ཆ་ཉོ་སྒྲུབ་ལུ་བརྟེན་ ས་གནས་ཀྱི་ མི་སེར་ཚུ་ལུ་ ཐོ་ཕོག་ཡོད་རུང་ འཆར་གཞི་ཚུ་ སྣང་མེད་སྦེ་ བཞག་མི་གིས་ ངོ་རྐྱང་ ཡང་ཅིན་ གཞུང་ལུ་ ཁེ་ཕན་ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
ས་གནས་ཀྱི་ མི་སེར་གཞན་ཅིག་གིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་ལས་ མོས་མཐུན་བྱུང་མ་ཚུགས་པའི་ ཡིག་ཆ་ཚུ་ འབྱང་སྟོར་ཞུགས་ཏེ་ཡོདཔ་ཨིན་པས།
གཞུང་གི་ གསོག་འཇོག་ཀྱི་ ས་ཆ་ཨེ་ཀར་༣.༡ རྐྱངམ་གཅིག་མ་གཏོགས་ བདེ་སྐྱིད་གླིང་ཁྲོམ་རྙིངམ་གྱི་ ས་ཚན་ལྷག་ལུས་ག་ར་ སྒེར་གྱི་མི་ངོམ་ཚུ་ ལོག་བྱིན་ཏེ་ཡོད་མི་དེ་ཡང་ ས་ཆའི་ཇོ་བདག་ཚུ་ལུ་ ལག་ཁྲམ་ཡོད་མི་ལུ་བརྟེན་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ དོགས་སེལ་འབད་མི་ནང་ བདེ་སྐྱིད་གླིང་ཁྲོམ་རྙིངམ་གི་ འཆར་གཞི་དེ་ བུམ་ཐང་ལུང་གཤོང་གོང་འཕེལ་འཆར་གཞི་གི་ ཆ་ཤས་ལས་རིམ་ཅིག་ཡོདཔ་བཞིན་དུ་ ས་ཆ་ཨེ་ཀར་༥༡༦ ཁྱབ་སྟེ་ཡོད་པའི་ཁར་ བདེ་སྐྱིད་གླིང་དང་ ལྕངམ་མཁར་ རྒྱ་གླིང་མཁར་༣ གྱི་ ས་གནས་ས་ཁོངས་འཆར་གཞི་ཚུ་ ཚུད་དེ་ཡོད་ཟེར་ཨིན་པས།
བདེ་སྐྱིད་གླིང་གི་ འཆར་གཞི་ངོ་མ་དེ་ བུམ་ཐང་དང་ ཁུ་རུང་ཐང་ཁྲོམ་ལྟེ་བ་བཟུམ་ འོང་ནི་ཨིན་རུང་ མི་རློབས་ཡར་འཕར་སོང་མི་བསྟུན་ བུམ་ཐང་ལུང་གཤོང་གོང་འཕེལ་དེ་ བཟོ་བཀོད་སྣ་མང་སྦེ་ ཡོདཔ་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མི་རློབས་ཉུང་སུ་ཡོད་པའི་སྐབས་ ཁྲོམ་ལྟེ་བ་དེ་ ཚོང་འབྲེལ་དང་ ཚོང་ལས་ཀྱི་དོན་ལུ་ ལག་ལེན་འཐབ་ མ་ཚུགས་པར་ ལུས་ཡོད་རུང་ ད་རེས་ བཟུམ་མའི་བཟོ་བཀོད་དེ་ ལག་ལེན་འཐབ་མི་ དེ་ཅིག་ར་ མེད་ཟེར་ཨིན་པས།
འགོ་དཔོན་གྱིས་ བཤད་མིའི་ནང་ གཞི་རྟེན་ཚུ་ བདེ་སྐྱིད་གླིང་ས་གནས་ས་ཁོངས་འཆར་གཞི་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ ཉམས་བཅོས་ཀྱི་ ལཱ་ཚུ་ མ་འབད་མ་ཚུགས་པར་ ལུས་མི་ཚུ་ཡང་ དཔེར་ན་ ནུས་ཤུས་ཐོབ་སྤྱོད་ མར་ཕབ་ལུ་ སོ་ཌི་ཡཱམ་ པེ་པུར་ཁྲོམ་ལམ་གྱི་ མེ་གི་ཚབ་སྦེ་ ནུས་ཤུས་ཅན་གྱི་ ཨེལ་ཨི་ཌི་དེ་ བཙུགས་འོང་ཟེར་ཨིན་པས།
ལ་ལོ་ཅིག་གིས་ དབང་འདུས་ཆོས་གླིང་སྨན་ཁང་དེ་ གཞུང་གི་ ས་ཆ་ཨེ་ཀར་༣.༡ ཡོད་མི་ བདེ་སྐྱིད་གླིང་ཁྲོམ་རྙིངམ་གི་ ས་ཁོངས་ནང་ སྤོ་བཤུད་འབད་ནི་ འཆར་གཞི་ཡོད་མི་གིས་ སྨན་ཁང་རྐྱབ་ད་ ད་ལྟོ་ཡོད་མི་ གཞི་རྟེན་མཐུན་རྐྱེན་ཚུ་ མེད་ཐལ་འོང་ཟེར་ ཚ་གྱང་ཡོད་ལུགས་ཚུ་ཡང་ བཤདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ ས་ཁོངས་དེ་ སྨན་ཁང་གི་དོན་ལུ་ ངོས་འཛིན་འབད་དེ་ཡོདཔ་བཞིན་དུ་ འཆར་གཞི་༡༣ པའི་ནང་ མཇུག་བསྡུ་ནི་ རེ་བ་ཡོདཔ་ཨིན་པས།
ཨིན་རུང་ ལས་འགུལ་ལག་ལེན་འཐབ་ནིའི་དོན་ལུ་ འཆར་དངུལ་ཐག་དཔྱད་འབད་ནི་ དུས་ཚོད་ཅིག་ དྭངས་གསལ་སྦེ་ གསལ་བཀོད་འབད་དེ་ མེདཔ་ཨིན་པས།
ཆོས་འཁོར་-སྟངས་འཐུས་མི་ ཀུན་བཟང་འཕྲིན་ལས་ཀྱིས་ སྨན་ཁང་སྤོ་སོར་འབད་ནི་དེ་ གཏན་འཁེལ་འབད་དེ་ཡོདཔ་བཞིན་དུ་ དེ་དང་འཁྲིལ་ཏེ་ གཙོ་རིམ་བཟུང་ འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ སྨན་ཁང་ནང་སོང་སྟེ་ བདག་སྐྱོང་ལས་ འཆར་གཞི་ཚུ་ ཧ་གོ་ཡོདཔ་བཞིན་དུ་ ལག་ལེན་འཐབ་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་ དུས་མཐུན་འབད་དོ་ཟེར་ཨིན་པས།
དབང་འདུས་ཆོས་གླིང་སྨན་ཁང་དེ་ སྤྱི་ལོ་༡༩༧༠༩ ལུ་ གཞི་བཙུགས་འབད་ཡོདཔ་ད་ སྨན་ཁང་དེ་ ཤིང་ཆས་ཀྱི་ རྐྱབ་སྟེ་ཡོདཔ་ལས་ ཚར་ཅིག་མེ་གིས་འཚིགས་ཡོདཔ་ཨིན་པས།
ད་རེས་ཀྱི་ སྨན་ཁང་གི་ གཞི་རྟེན་ཚུ་ རྩི་ས་ཚུ་ ལག་ལེན་འཐབ་སྟེ་ རྒྱ་སྐྱེད་གཏང་ནི་གི་ ས་གོ་མེདཔ་ད་ རྫོང་ཁག་བདག་སྐྱོང་གིས་ ད་ལྟོའི་སྨན་ཁང་དེ་ འགྲེམས་སྟོན་ཁང་བཟོ་ནི་གི་ འཆར་གཞི་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།