༉ འབྲུག་གི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ་བཱོལ་རྩེད་མི་ བདེ་སྐྱིད་ལྷ་འཛོམས་ཀྱིས་ སྤྱི་ལོ་༢༠༢༤ གི་ ལྷོ་ཨེ་ཤི་ཡ་ཕུཊ་བཱོལ་ལས་ཚོགས་ཀྱི་རྩེད་འགྲན་ ནེ་པཱལ་ལུ་ སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་མཇུག་བསྡུ་མི་ ཨམ་སྲུའི་རྒྱལ་རྟགས་རྩེད་འགྲན་ནང་ལས་ མོ་གིས་ གཱོལ་མངམ་བཙུགས་ཡོད་པའི་ ངོས་འཛིན་ལུ་ གསེར་གྱི་བུཊ་ཐོབ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ མིང་གཏམ་བཞག་ཡོདཔ་ཨིན་པས།
འབྲུག་གི་ ཨམ་སྲུ་སྡེ་ཚན་གྱིས་ རྩེད་འགྲན་ལེགས་ཤོམ་འབད་བའི་ཁར་ རྩེད་འགྲན་སྐབས་ ཚུལ་དང་མཐུནམ་སྦེ་ རྩེད་མི་ལུ་བརྟེན་ ངོས་འཛིན་རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པས།
འགྲན་བསྡུར་ནང་ འབྲུག་པའི་ཨམ་སྲུ་རྩེད་འགྲན་པ་ བདེ་སྐྱིད་ལྷ་འཛོམས་ཀྱིས་ ཁྱད་རིག་བཏོན་མི་དང་ སྡེ་ཚན་གྱི་གྲུབ་འབྲས་ རིག་རྩལ་ དོ་འགྲན་འབད་མི་ཚུ་གི་ ལེགས་རྟགས་ཐོན་ཡོདཔ་ཨིན་པས།
ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་ནང་ ལོ་ངོ་དང་པའི་ནང་ སློབ་སྦྱོང་འབད་མི་ བདེ་སྐྱིད་ལྷ་འཛོམས་ཀྱིས་ རྩེད་འགྲན་སྐབས་ གཱོལ་༨ བཙུགས་ཡོདཔ་ད་ དེ་གི་འོག་ལས་ར་ ནེ་པཱལ་གྱི་རྩེད་འགྲན་པ་ རེ་ཁ་པཱའུ་ཌལ་གྱིས་ གཱོལ་༧ དང་ བང་ལ་དེཤ་གི་ཏོ་ཧུ་ར་ཁ་ཊུན་གྱིས་ གཱོལ་༥ བཙུགས་ཡོདཔ་ཨིན་པས།
སྡེ་ཚན་ཚུ་གི་བར་ན་ རྩེད་འགྲན་ཐེངས་༤ རྩེད་བའི་སྐབས་ལུ་ བདེ་སྐྱིད་ལྷ་འཛོམས་ཀྱིས་ སྡེ་ཚན་གྱི་ རྩེད་འགྲན་པ་དྲག་ཤོས་ཚར་༢ ཐོབ་ཡོདཔ་ད་ དེ་ཡང་ ཤྲི་ལངྐ་སྡེ་ཚན་དང་ མཱལ་དེབསི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་བའི་སྐབས་ལུ་ ངོས་འཛིན་གསོལ་རས་ཡང་ ཐོབ་ཡོདཔ་ཨིན་པས།
མོ་གིས་ སྤྱི་ལོ་༢༠༢༤ གི་ ལྷོ་ཨེ་ཤི་ཡ་ཕུཊ་བཱོལ་ལས་ཚོགས་ནང་ མིང་གཏམ་གསརཔ་བཞག་ཡོདཔ་ད་ འབྲུག་གི་ཨམ་སྲུ་ཚུའི་གྲས་ལས་ཡང་ གཱོལ་༨ བཙུགས་མི་ འགོ་དང་པ་ཨིནམ་བཞིན་དུ་ འདི་དང་སྦྲགས་ གསེར་གྱི་བུཊ་ཐོབ་མི་གིས་མ་ཚད་ མོ་གིས་ རྩེད་འགྲན་ཅིག་ནང་ རྒྱལ་སྤྱིའི་གནས་ཚད་ནང་ གཱོལ་༥ བཙུགས་ཚུགས་མི་དེ་ ལེགས་ཐོན་གྱི་ངོས་འཛིན་ཨིན་པས།
བདེ་སྐྱིད་ལྷ་འཛོམས་ཀྱིས་ བཤད་མིའི་ནང་ གཱོལ་མངམ་བཙུགས་མིའི་ མིང་གཏམ་ཐོབ་སྟེ་འབད་རུང་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་མ་ཚུགས་མི་གིས་ དུམ་གྲ་ཅིག་ སེམས་ཕམ་སུ་སྦེ་ སྡོད་དགོཔ་བྱུང་ཡི་ཟེར་ཨིནམ་ད་ ལྷོ་ཨེ་ཤི་ཡ་ཕུཊ་བཱོལ་ལས་ཚོགས་ཀྱི་ རྩེད་འགྲན་དེ་ དོ་འགྲན་ཅན་ཅིག་ཨིན་མས་ཟེར་ཨིན་རུང་ འདི་དང་བསྟུན་པའི་ ངོས་འཛིན་ཚུ་ཡང་ ཐོབ་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མིང་གཏམ་ཡོད་མི་ བང་ལ་དེཤ་གི་ རྩེད་འགྲན་པ་ཚུ་དང་ དོ་འགྲན་འབད་ནི་ཐོབ་མི་དང་ མོ་གིས་ གཱོལ་མངམ་བཙུགས་པའི་མིང་གཏམ་ཐོབ་མི་དེ་ དྲན་ཚོར་སྦོམ་ཅིག་ཨིན་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ གཱོལ་རེ་རེ་བཙུགས་པའི་སྐབས་སུ་ ང་བཅས་ཀྱི་སྡེ་ཚན་ཚུ་གིས་ རྩ་འགེངས་ཏེ་ མཉམ་རུབ་ཐོག་ ལཱ་འབད་བའི་ གྲུབ་འབྲས་དང་ རྟགས་མཚན་ཨིན་ཟེར་ཨིན་པས།
ང་བཅས་སྡེ་ཚན་གྱིས་ མཱལ་དེབསི་དང་ ཤྲི་ལངྐ་གི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་པའི་ཁར་ ནེ་པཱལ་གྱི་སྡེ་ཚན་དང་ འདྲན་འདྲ་འབད་ཚུགས་མི་དེ་གིས་ ང་བཅས་ར་མདུན་ཕྱོགས་ལུ་ འགྱོ་ཚུགས་པའི་རྟགས་མཚན་ཨིནམ་ད་ ངོས་འཛིན་རྟགས་མ་དེ་གིས་ ང་བཅས་ལུ་ ལམ་ཕྱོགས་ཀྱི་མདུན་ལམ་ སྒྲིང་སྒྲི་བཟོ་དོ་ཡོད་པའི་ དྲན་སྣང་བྱིནམ་མས་ཟེར་ཨིན་པས།
དུས་ཅི་དེ་ ལྷོ་ཨེ་ཤི་ཡ་ཕུཊ་བཱོལ་ལས་ཚོགས་གྱི་ རྩེད་འགྲན་ནང་ འབྲུག་པའི་སྡེ་ཚན་ལུ་ གདོང་ལེན་ཚུ་ ལེ་ཤ་ཅིག་ར་བྱིན་ཡོདཔ་ད་ སྡེ་ཚན་ནང་ རྩེད་འགྲན་པ་ལེགས་ཤོམ་ཡོད་མི་ཅིག་ ནདཔ་ཐོན་པའི་ཁར་ གཞན་མི་ཚུ་ ཨཱསི་ཊེ་ལི་ཡ་ལུ་ ཡར་སོཔ་ལས་ སེམས་ཕམ་ཡོད་ཟེར་ཨིན་པས།
འདི་དང་འབྲེལ་ གྲ་སྒྲིག་འབད་ནི་དེ་ཡང་ དུས་ཚོད་ལེགས་ཤོམ་ཐོབ་མ་ཚུགས་མི་དེ་ ལ་ལོ་ཅིག་ ས་གནས་ཀྱི་སྡོད་ས་ སོ་སོ་འབད་བའི་ཁར་ ལ་ལོ་ཅིག་ སློབ་སྦྱོང་འབད་དགོ་མི་གིས་ སྦྱོང་བརྡར་ཚུ་ ལེགས་ཤོམ་ཐོབ་མ་ཚུགས་ཟེར་ཨིནམ་ད་ འདི་བཟུམ་གྱི་བྱ་སྟབས་མ་བདེཝ་ཚུ་ ཡོད་དེ་འབད་རུང་ སྡེ་ཚན་གྱིས་ འབད་བརྩོན་ཐོག་རྩ་འགེངས་མི་ལུ་ ངལ་རངས་ཡང་བྱུང་ཡི་ཟེར་ཨིན་པས།
དུས་ཅི་གི་ ལྷོ་ཨེ་ཤི་ཡ་ཕུཊ་བཱོལ་ལས་ཚོགས་ཀྱི་ རྒྱལ་རྟགས་རྩེད་འགྲན་ནང་ལས་ བང་ལ་དེཤ་གི་སྡེ་ཚན་གྱིས་ རྒྱལ་རྟགས་ཐོབ་ཡོདཔ་ད་ བང་ལ་དེཤ་གི་རྩེད་འགྲན་པ་ རི་ཏུ་པོར་ན་དེ་ རྩེད་འགྲན་ནང་ལས་ ཁྱད་འཕགས་ཅན་གྱི་རྩེད་འགྲན་པའི་ ངོས་འཛིན་རྟགས་མ་ཐོབ་ཡོདཔ་ད་ གཱོལ་ཀི་པར་ རུཔ་ན་ཅམ་པ་གིས་ གཱོལ་ཀི་པར་དྲག་ཤོས་ཀྱི་ ངོས་འཛིན་རྟགས་མ་ཚུ་ ཐོབ་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༢༧ ལུ་ ནེ་པཱལ་དང་ རྒྱ་གར་སྡེ་ཚན་གྱི་བར་ནང་ མཐའ་བཅད་འོག་མའི་ རྩེད་འགྲན་འབདཝ་ད་ ལྟདམོ་བལྟ་མི་ཚུ་གིས་ གཞན་དང་མ་འདྲ་བའི་ བྱ་སྤྱོད་བཏོན་ཡོདཔ་ད་ འབྲུག་པའི་ རེ་ཕི་རི་གི་ལས་རོགསཔ་འབད་མི་ ཆོས་སྐྱིད་དབང་མོ་ལུ་ ནེ་པཱལ་གྱི་ལྟདམོ་བལྟ་མི་ཚུ་གིས་ དྲང་ལྡན་མ་འབད་བའི་སྐོར་ལས་ སྐྱོན་བརྗོད་ཚུ་ ལེ་ཤ་ཅིག་ར་འབད་ཡོདཔ་ད་ རྩེད་འགྲན་དེ་ ལྟདམོ་བལྟ་མི་ཚུ་གིས་ སྐྱོན་བརྗོད་ཐོག་ བྲེལ་ཟིང་ལང་སྟེ་ དུས་ཡུན་དག་པ་ཅིག་ གདོང་ལེན་བྱུང་མི་གིས་ སྲུང་སྐྱོབ་འབད་མི་ཚུ་ འབོ་དགོཔ་ཐོན་ཡོདཔ་ཨིན་པས།
ལྷོ་ཨེ་ཤི་ཡ་ཕུཊ་བཱོལ་ལས་ཚོགས་ཀྱི་ རྩེད་འགྲན་དེ་ སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ མཇུག་བསྡུ་ཡོད་པའི་གནས་ཚུལ།
ཚེ་རིང་དབང་འདུས།