༉ སྤ་རོ་སྟག་ཚང་དང་ སྤུ་ན་ཁ་རྫོང་གི་འཛུལ་འཐུས་ ཚུལ་མིན་སྤྱོད་པའི་གནད་དོན་སྐོར་ལས་ རྩོད་ཉོགས་མཇུག་བསྡུ་སྟེ་ ཟླཝ་དག་པ་ཅིག་གི་རྒྱབ་ལས་ ད་རུང་ སྤུ་ན་ཁ་ ཁྱི་མེད་ལྷ་ཁང་གི་འཛུལ་འཐུས་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ལོ་ངོ་༢ ཀྱི་ནང་འཁོད་ལུ་ བདེ་སྲུངཔ་༤ གིས་ ལོག་སྤྱོད་འབད་ཡོདཔ་ཨིན་པས།
ཐིམ་ཕུག་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ལྟེ་བ་ལས་ ཞིབ་དཔྱད་འབད་བའི་སྐབས་ ངོས་འཛིན་བྱུང་མིའི་རྩོད་གཞི་དེ་ སྤྱི་ཟླ་༡༠ པའི་ཚེས་༡༤ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་གཞི་ཚུ་ལེན་ཐོག་ལས་ ད་ལྟོ་ སྡེ་ཚན་གྱིས་ ཞིབ་དཔྱད་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
བདེ་སྲུངཔ་༤ པོ་དེ་ འཛུལ་འཐུས་ཤོག་འཛིན་བཙོང་ནི་དང་ ཁྱི་མེད་ལྷ་ཁང་གི་ ལྟ་རྟོག་འགན་ཁུར་འབག་མི་ཨིནམ་བཞིན་དུ་ བདེ་སྲུངཔ་༢ ཤོག་འཛིན་ཚུ་ དུས་མཐུན་བཟོ་མི་དང་ བདེ་སྲུངཔ་༢ འབྲེལ་སྟེགས་ནང་ ལྟ་བཤལཔ་ཚུ་ལུ་ ཤོག་འཛིན་བྱིན་མི་ཨིན་པས།
སྤྱི་ཟླ་༩ པའི་ནང་ ཞིབ་དཔྱད་འབད་ནི་འགོ་བཙུགས་ཡོདཔ་ལས་ བདེ་སྲུངཔ་སྐྱེས་ལོ་༢༢ དང་༤༥ གི་བར་ན་འབད་མི་ཚུ་གིས་ ཚུལ་མིན་ནང་ འབྲེལ་བ་ཡོདཔ་སྦེ་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཞིབ་དཔྱད་ཀྱི་སྐབས་ལུ་ དྭངས་གསལ་སྦེ་ ཤེས་མ་ཚུགས་པའི་ཁར་ མ་དངུལ་ཚུལ་མིན་ ག་དེམ་ཅིག་ སྤྱོད་ཡོདཔ་ཨིན་ན་ཡང་ ཤེས་རྟོགས་མེད་རུང་ ཡོངས་བསྡོམས་ལུ་འབད་བ་ཅིན་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ སྤྱོད་ཡོདཔ་ཨིན་པས།
གནས་ཚུལ་གསལ་སྟོན་དང་འཁྲིལཝ་ད་ དངུལ་ཁང་གི་རྩིས་ཁྲ་ནང་ དངུལ་བཙུགས་བཏོན་ཚུ་ ཐེངས་ལེ་ཤ་འབད་ཡོདཔ་ལས་ ངེས་ཏིག་ཚུལ་མིན་སྤྱོད་པའི་ གཏན་འཁེལ་འཐོབ་མ་ཚུགསཔ་སྦེ་ ཡོདཔ་ཨིན་པས།
སྤྱིར་བཏང་དངུལ་ཀྲམ་ས་ཡ་༢༥ བསྡུ་ལེན་འབད་མི་ལས་ སྤྱི་ལོ་༢༠༢༢ ཟླ་༩ པ་ལས་ སྤྱི་ལོ་༢༠༢༤ ཟླ་༩ པ་ཚུན་ བརྒྱ་ཆ་༤༧ དེ་ཅིག་ཡོད་མི་ཚུ་ གཞུང་གི་རྩིས་ཁྲ་ནང་ བཙུགས་ཡོད་པའི་གསལ་སྟོན་བྱུང་ཡོདཔ་ད་ དེ་གི་ལྷག་ལུས་དེ་ ཚུལ་མིན་སྤྱོད་པའི་དོགས་པ་ཐོག་ལུ་ ཉེས་འཛུགས་འབདཝ་ཨིན་པས།
བདེ་སྲུངཔ་བཞི་གིས་ སྤ་རོ་སྟག་ཚང་དང་ སྤུ་ན་ཁ་རྫོང་གི་ འཐུས་བསྡུ་ལེན་ནང་ ཚུལ་མིན་སྤྱོད་མི་དང་ཅོག་འཐདཔ་སྦེ་ ལག་ལེན་འཐབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་སྡེ་ཚན་སྦེ་ ཤོག་འཛིན་ཉོ་བར་འོང་བའི་སྐབས་ལུ་ བདེ་སྲུངཔ་ཚུ་གིས་ ལྟ་བཤལཔ་ཕྱེད་ཀ་དེ་ཅིག་ ཤོག་འཛིན་མ་སྤྲོད་པར་ ནང་ན་བཏང་ཞིནམ་ལས་ ཤོག་འཛིན་མ་བྱིན་མི་ཕྱེད་ཀ་གི་ འཛུལ་འཐུས་དངུལ་ཚུ་ བདེ་སྲུངཔ་བཞི་གི་བར་ན་ བགོ་བཤའ་རྐྱབ་ཡོདཔ་སྦེ་ཨིན་པས།
འདི་བཟུམ་གྱི་ཚུལ་མིན་སྤྱོད་མི་དེ་ སྤ་རོ་དང་ སྤུ་ན་ཁ་རྫོང་ནང་ཐོན་ཞིནམ་ལས་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་གིས་ ཁྱི་མེད་ལྷ་ཁང་ནང་ཡང་ ཞིབ་དཔྱད་འབད་དགོ་པའི་ཞུ་བ་འབད་ཡོདཔ་ད་ ཁྱི་མེད་ལྷ་ཁང་ནང་འབད་བ་ཅིན་ ཤོག་འཛིན་ཞིབ་དཔྱད་ཀྱི་དོན་ལུ་ ཁྲིམས་སྲུང་འགག་པ་ཚུ་ བཞག་སྟེ་མེདཔ་ཨིན་པས།
ལྟ་བཤལཔ་ཚུ་ ཁྱི་མེད་ལྷ་ཁང་ནང་ འོང་བའི་སྐབས་ལུ་ འཛུལ་འཐུས་དངུལ་ཀྲམ་༥༠༠ རེ་ ལྷ་ཁང་གི་ཕྱི་ཁ་ལས་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ནང་ ཁྱི་མེད་ལྷ་ཁང་དང་ སྤུ་ན་ཁ་རྫོང་གཉིས་ཀྱིས་ འཛུལ་འཐུས་དངུལ་ཀྲམ་ས་ཡ་༧ བསྡུ་ལེན་འབད་ཡོདཔ་ཨིན་པས།
སྤུ་ན་ཁ་རྫོང་ཁག་བདག་སྐྱོང་གིས་ སྤྱི་ལོ་༢༠༡༧ ལས་འགོ་བཙུགས་ འཛུལ་འཐུས་བསྡུ་ལེན་འབད་ནི་ འགོ་བཙུགས་ཡོདཔ་ད་ སྤྱིར་བཏང་གི་འཐུས་བསྡུ་ལེན་དེ་ སྤྱི་ལོ་༢༠༢༠ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ནད་ཡམས་ཀོ་བིཌ་-༡༩ མཇུག་བསྡུ་བའི་ཤུལ་ལུ་ སྤྱི་ལོ་༢༠༢༢ ཟླ་༩ པའི་ཚེས་༢༣ ལས་ འབྲུག་ལུ་ལྟ་བཤལཔ་ ལོག་བཏང་མི་དང་འབྲེལ་ འཐུས་བསྡུ་ལེན་འབད་ནི་ཡང་ འགོ་བཙུགས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༦ ལུ་ ལྷན་རྒྱས་གཞུང་ཚོགས་ཐེངས་༡༡༣ པའི་ནང་ གསུང་གྲོས་ཚུ་གནང་ཐོག་ལས་ ལྷ་ཁང་དང་ རྫོང་གཞི་མཇལ་བར་འོང་མི་ ལྟ་བཤལཔ་ཚུ་ལས་ འཐུས་བསྡུ་ལེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
འཐུས་བསྡུ་ལེན་འབད་མི་ མ་དངུལ་ཚུ་ ལམ་སྲོལ་དང་འབྲེལ་བའི་ མགོན་སྡེ་ཁག་ཚུ་ནང་ ཉམས་སྲུང་དང་ རྒྱུན་སྐྱོང་གི་དོན་ལུ་ ཟད་འགྲོ་བཏང་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།