༉ སོ་ནམ་དང་སྒོ་ནོར་ལྷན་ཁག་གིས་ བཟའ་འཐུང་ཉེན་སྲུང་ལྷན་ཐབས་ནང་ སོ་ནམ་གྱི་ འོང་འབབ་ཡར་དྲག གཏང་ནི་དང་ ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ཕན་གྲོགས་ཡར་དྲག་གཏང་ནིའི་དོན་ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་ལུ་ འཆར་གཞི་༡༣ པའི་ནང་ དངུལ་ཀྲམ་ཐེར་འབུམ་༡༠.༢༣ བགོ་བཀྲམ་འབད་ནུག།
མ་དངུལ་དེ་ཡང་ སྤྱིར་བཏང་འཆར་དངུལ་ཡོངས་བསྡོམ་ལས་ བརྒྱ་ཆ་༡༠ གྱི་རྩིས་ཨིནམ་ད་ སྤྱི་ལོ་༢༠༢༣ ལུ་ སོ་ནམ་དང་སྒོ་ནོར་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ དངུལ་ཀྲམ་ཐེར་འབུམ་༣༦.༥ ལྷན་ཐབས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༥༨.༦༩ ལྷན་ཐབས་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།
དེང་སང་གི་ སོ་ནམ་འཕྲུལ་ཆས་དང་ ཚོང་འབྲེལ་གྱི་ སོ་ནམ་ལཱ་རྒྱ་སྐྱེད་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ འཆར་གཞི་༡༣ པའི་ནང་ ལས་སྡེའི་ཡར་འཕར་བརྒྱ་ཆ་༨.༣ གཏང་ནི་གི་ རེ་བ་ཡོདཔ་ཨིན་པས།
ལས་སྣ་དེ་ཚུ་ཡང་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་དང་ སོ་ནམ་འཕྲུལ་ཆས་ལས་འཛིན་ འབྲུག་བཟའ་སྤྱོད་ལས་འཛིན་ དེ་ལས་ ན་གཞོན་དང་ སྒེར་སྡེ་མཉམ་འབྲེལ་གྱི་ ལས་རིམ་ཐོག་ལས་ ལག་ལེན་འཐབ་ནི་ཨིན་པས།
སོ་ནམ་ལྷན་ཁག་གིས་ ཚོང་འབྲེལ་ཐོན་སྐྱེད་གོང་འཕེལ་དང་ བཟོ་འདོན་དང་ ཉ་ཁག་ཅུང་དང་ མེ་ཏོག་ཧོན་ཚོད་ ཀིའུ་ནོ་ སྤང་གི་ཚལ་ལུ་ ཨེཊ་ཟུ་ཀི་སྲནམ་ཅུམ་ དེ་ལས་ བྱཱོ་བརྩིས་ཏེ་ གཙོ་རིམ་ཅན་གྱི་ ལོ་ཐོག་རིགས་༧ ཚུ་ལུ་ ཕྱི་མ་རྩ་གཞི་ བརྒྱ་ཆ་ལས་༡༠༠ བཙུགས་ཏེ་ ཚོང་འབྲེལ་འཐབ་ནི་ཨིན་པས།
དེ་བཟུམ་སྦེ་ ལྷན་ཁག་གིས་ རིན་གོང་ཆེ་བའི་ སྒོ་ནོར་གྱི་ཐོན་སྐྱེད་ རེན་བཱོ་ ཊའུཊ་དང་ ཨིསི་ཊརཆ་ཇཱན་ ཀ་བི་ཡར་ ལ་ནོར་གྱི་དར་ཚིལ་དང་སྤུ་ པུཊ་ཀ་དང་ཀོམ་བ་སྦྲང་རྩི་ ཡ་གུ་དར་ཚིལ་ དེ་ལས་ རོ་ཡལ་ཇེ་ལི་ཚུ་ ཐོན་སྐྱེད་འབད་ནི་ལུ་ གཙོ་རིམ་བསྒྲིག་ནི་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ སོ་ནམ་དང་སྒོ་ནོར་བློན་པོ་ ཡོན་ཏན་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ལྷན་ཁག་གིས་ སོ་ནམ་དང་སྒོ་ནོར་ལས་སྡེ་ཚུ་ གོང་ཚད་འགན་ལེན་ཐབས་ལམ་དང་ ཐོན་སྐྱེད་ལུ་དངུལ་འབྲེལ་ཐོབ་ཚུགས་བཟོ་ནི་ དེ་ལས་ ཚོང་ལམ་བཟོ་ཐོག་ལས་ སོ་ནམ་དང་སྒོ་ནོར་ལས་སྡེ་ གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དམིགས་བསལ་གྱི་ ཕབ་ཆག་དང་ ཐབས་རིག་རྒྱབ་སྐྱོར་ སྐྱིན་འགྲུལ་ཆུང་བ་འཐོབ་ཚུགསཔ་བཟོ་སྟེ་ ལྷན་ཁག་གིས་ རང་བཟའ་སྤྱོད་འབད་ནིའི་དོན་ལུ་ སོ་ནམ་གྱི་ ལཱ་འབད་མི་ཚུ་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
ལྷན་ཁག་གིས་ ཞིང་ཆུ་ལས་འགུལ་ཚུ་ལུ་ཡང་ རྒྱབ་སྐྱོར་འབད་ནི་ཨིནམ་ད་ རྩིས་ལོ་༢༠༢༤-༢༤ ལུ་ འཆར་དངུལ་དངུལ་ཀྲམ་ཐེར་འབུམ་༣༤༣.༦༧ བགོ་བཀྲམ་འབད་ཡོདཔ་ད་ ཞིང་ཆུ་དང་ འཐུང་ཆུ་བཀྲམ་སྤེལ་ནང་ མ་རྩ་གཞི་བཙུགས་འབད་མི་གིས་ སོ་ནམ་ཐོན་སྐྱེད་ཡར་དྲག་ གཏང་ཚུགས་ནི་ཨིན་པས།
འཆར་གཞི་༡༣ པའི་ འཆར་གཞི་རྐྱངམ་གཅིག་ལུ་ ཞིང་ཆུ་ལས་འགུལ་གསརཔ་༢༤ རྐྱབ་ནི་གི་ ལས་རིམ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༩ ནང་འཁོད་ལུ་ འཐུང་ཆུའི་ལས་འགུལ་༨༣ གཞི་བཙུགས་འབད་ནི་ཨིན་པས།
འཆར་དངུལ་བཅུད་བསྡུས་ནང་ ཚོང་འབྲེལ་དང་ གཙོ་རིམ་ཅན་གྱི་ རང་བཟའ་སྤྱོད་ཀྱི་ སོ་ནམ་དང་སྒོ་ནོར་ལས་སྣ་ ཆུམ་དང་ ཀར་ གེ་ཟ་ བྱ་གསོ་སྐྱོང་ ནོར་ཤ་ དེ་ལས་ ཤིང་འབྲས་གུ་ལིའི་ཚུ་ལུ་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འབད་ནི་ལུ་ དངུལ་ཀྲམ་ཐེར་འབུམ་༣ བཞག་སྟེ་ཡོདཔ་ཨིན་པས།
བློན་པོ་དང་འཁྲིལ་བ་ཅིན་ ཚོང་འབྲེལ་གན་ཡིག་ཐོག་ལས་ ཀེ་བའི་ཐོན་སྐྱེད་ཚུ་ ནེ་པཱལ་དང་ བང་ལ་དེཤ་ལུ་དང་ རིན་གོང་ཆེ་བའི་ སོ་ནམ་ཐོན་སྐྱེད་ཚུ་ སིངྒ་པུར་དང་ མ་ལེ་ཤི་ཡ་ དེ་ལས་ ཐའི་ལེནཌི་ལུ་ ཚོང་འབྲེལ་འཐབ་ནི་གི་ འོས་འབབ་ཚུ་ཡང་ བལྟ་དོ་ཟེར་ཨིན་པས།
དམིགས་གཏད་དེ་ཡང་ འཆར་གཞི་༡༣ པ་ མཇུག་བསྡུ་བའི་སྐབས་ སོ་ནམ་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ལྷན་ཐབས་ དངུལ་ཀྲམ་ཐེར་འབུམ་༥༠ ཡར་སེང་འབད་ནི་དང་ ལཱ་གཡོག་གི་ གོ་སྐབས་༡༢༥,༡༦༠ བཟོ་ནི་དང་ ད་ལྟོ་ཚུན་ཚོད་ ལས་སྡེ་ནང་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༤༣.༥ ལུ་ ལཱ་གཡོག་བྱིན་ནི་ཏེ་ ཡོདཔ་ཨིན་པས།
གཞུང་གིས་ ཤིང་འབྲས་ཀྱི་ཤིང་ས་ཡ་བཙུགས་ནི་ལས་རིམ་ འཕྲོ་མཐུད་དེ་ར་འབད་ནི་ཨིནམ་ད་ རྩིས་ལོ་༢༠༢༤-༢༥ ལུ་ རིན་གོང་ཆེ་བའི་ ཤིང་འབྲས་ཐོན་སྐྱེད་དེ་ མེ་ཊིག་ཊཱོན་༣༧,༩༩༧ ལས་ སྤྱི་ལོ་༢༠༢༩ ནང་འཁོད་ལུ་ ཊཱོན་༡༠༤,༠༢༤ དེ་ཅིག་ ཡར་སེང་འབད་ནི་ཨིན་པས།
དེ་བཟུམ་སྦེ་ ལྷན་ཁག་གིས་ འཆར་གཞི་༡༣ པའི་ནང་ སོ་ནམ་བཟའ་འཐུང་ལྟེ་བ་༤ སྤ་རོ་དང་ གསར་སྤང་ མོང་སྒར་ དེ་ལས་ དབང་འདུས་ལུ་ གཞི་བཙུགས་འབད་ནི་ ལས་རིམ་ཡོདཔ་ཨིན་པས།
ཆུམ་རང་ལྡང་གྲུབ་ཐབས་ལུ་ གཞུང་གིས་ འཕྲོ་མཐུད་དེ་ར་ ཞིང་ཆུ་གཡུར་བ་དང་ ལྕགས་སྐུད་ར་བ་ བསྒོར་ནིའི་དོན་ལུ་ མ་རྩ་གཞི་བཙུགས་འབད་ནི་ཨིན་པས།
འདས་པའི་ལོ་༥ འི་ནང་འཁོད་ལུ་ ལོ་བསྟན་བཞིན་དུ་ ཐོན་སྐྱེད་དམིགས་ཏེ་ ཊཱོན་༥༤,༠༤༠ ཡོདཔ་ད་ རྩིས་ལོ་༢༠༢༤-༢༥ ལུ་ ལོ་བསྟར་འཕར་ཚད་ ཊཱོན་༤༥,༠༨༧ ཡོདཔ་ཨིན་པས།
བཟའ་འཐུང་དང་ཟས་བཅུད་ཉེན་སྲུང་སྲིད་བྱུས་༢༠༢༣ ཅན་མ་དང་འཁྲིལ་བ་ཅིན་ སོ་ནམ་དང་སྒོ་ནོར་ལས་སྡེ་གིས་ སྤྱི་ལོ་༢༠༣༤ ནང་འཁོད་ལུ་ མི་རློབས་༨༣༧,༢༨༨ དེ་ཅིག་ བཟའ་འཐུང་བཀྲམ་སྤེལ་ འབད་ཚུགས་པའི་ རེ་བ་བསྐྱེད་དེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།