༉ འཆར་གཞི་༡༣ པའི་ནང་ བཟོ་གྲྭ་གོང་འཕེལ་གྱི་གནས་ཚད་དེ་ བརྒྱ་ཆ་༩.༩ ལུ་གནས་ནི་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ སྤྱི་ལོ་༢༠༢༩ ལུ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༥ ལུ་ ལྷོད་ཚུགས་ནིའི་དོན་ལུ་ གོང་འཕེལ་བརྒྱ་ཆ་༡༠.༢ ལས་ བརྒྱ་ཆ་༠.༣ དེ་ཅིག་ མར་བབས་སོང་ཡོདཔ་སྦེ་ དངུལ་རྩིས་ལྷན་ཁག་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལུ་ ལས་སྡེའི་གོང་འཕེལ་དེ་ བརྒྱ་ཆ་༦.༢ ལུ་ ཡར་འཕར་འགྱོ་ནི་ཨིནམ་ད་ དུས་ཅི་འབད་བ་ཅིན་ བརྒྱ་ཆ་༢༠.༡ ལུ་ ཡར་འཕར་འགྱོ་ནི་ཨིན་མི་དེ་ཡང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་ འགོ་བཙུགས་པའི་ཤུལ་ལུ་ཨིན་པས།
སྤྱི་ལོ་༢༠༢༦ གི་ནང་འཁོད་ལུ་ གོང་འཕེལ་བརྒྱ་ཆ་༩.༨ ལུ་ འགྱོ་ཚུགས་པའི་ དམིགས་གཏད་བསྐྱེདཔ་ཨིན་པས།
ས་གཏེར་དང་ རྡོ་གཏེར་གྱི་ལཱ་དེ་ སྤྱི་ལོ་༢༠༢༤ ལུ་ བརྒྱ་ཆ་༧ ལུ་ ཡར་འཕར་འགྱོ་ནིའི་ ཚོད་དཔག་འབད་ཡོདཔ་བཞིན་དུ་ དུས་ཅི་ བརྒྱ་ཆ་༡༤ ལུ་ ཡར་སེང་འགྱོ་ནི་ཨིནམ་ད་ ལྷན་ཁག་གིས་ སླབ་མིའི་ནང་ གོང་འཕེལ་གྱི་ཚད་གཞི་དེ་ དམིགས་གཏད་དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།
ཨིན་རུང་ བཟོ་སྐྲུན་ལས་སྡེ་དེ་ དུས་ཅི་ བརྒྱ་ཆ་༢ ལས་ བརྒྱ་ཆ་༤.༦ ལུ་ གོང་འཕེལ་འགྱོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ལྷན་ཁག་གིས་ དཔལ་འབྱོར་ནང་ བཟོ་སྐྲུན་གྱི་གནས་ཚད་ཡར་དྲག་གཏང་ནི་དང་ དམིགས་བསལ་དུ་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་བྱིན་ཐབས་ལུ་ དམིགས་གཏད་ཅན་གྱི་ ཐབས་ལམ་བཏོན་དགོཔ་ཁག་ཆེ་ཟེར་ བཀོད་ཡོདཔ་ཨི་ན་པས།
གཞུང་གིས་ སྤྱི་ལོ་༢༠༢༣ ལུ་ བཟོ་སྐྲུན་ལས་སྡེ་གིས་ འབྲུག་གི་ནང་འཁོད་ཐོན་སྐྱེད་ཡོངས་ལུ་ བརྒྱ་ཆ་༢༤.༦༡ ལས་ སྤྱི་ལོ་༢༠༢༩ ལུ་ བརྒྱ་ཆ་༤༣.༥༩ ལུ་ ཡར་སེང་འབད་ནིའི་ དམིགས་གཏད་ཨིནམ་ད་ དེ་ཡང་ སྤྱིར་སྙོམས་གོང་འཕེལ་ཚད་གཞི་དེ་ བརྒྱ་ཆ་༡༠ཨིན་པས།
སྤྱི་ལོ་༢༠༢༢ ལུ་ བཟོ་སྐྲུན་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་༦.༧༣ ལས་ སྤྱི་ལོ་༢༠༢༩ འི་ནང་འཁོད་ལུ་ བརྒྱ་ཆ་༣༠ལུ་ ཡར་སེང་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་ནང་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བཟོ་སྐྲུན་ལས་སྡེའི་བགོ་བཤའ་དེ་ མར་བབས་སོང་ཡོདཔ་བཞིན་དུ་ ལས་སྡེའི་བགོ་བཤའ་དེ་ སྤྱི་ལོ་༢༠༡༠ལུ་ བརྒྱ་ཆ་༨.༩༣ དང་ ཡང་ཅིན་ དངུལ་ཀྲམ་ཐེར་འབུམ་༦.༣༢ དང་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༦.༧༣ དང་ ཡང་ཅིན་ དངུལ་ཀྲམ་ཐེར་འབུམ་༡༩.༨༨ ལུ་ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ལས་སྡེའི་བགོ་བཤའ་དེ་ བརྒྱ་ཆ་༩.༠༦ ཡོད་མི་ལས་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༧.༥༡ ལུ་ མར་བབས་སོང་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་ བརྒྱ་ཆ་༥.༨༦ དང་ ཡང་ཅིན་ དངུལ་ཀྲམ་ཐེར་འབུམ་༡༡ ལུ་ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ འབྲུག་གི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ དེ་ལས་ ཆེ་བ་ཚུ་གིས་ བརྒྱ་ཆ་༤༩.༩༦ དང་ ཡང་ཅིན་ དངུལ་ཀྲམ་ཐེར་འབུམ་༡༢༤.༦༩ ལྷན་འདེབས་འབད་ཡོདཔ་ཨིན་པས།
བཟོ་གྲྭ་ལས་སྡེ་ཚུ་གི་གྲས་ལས་ བརྒྱ་ཆ་༤༦ དང་ ཡང་ན་ དངུལ་ཀྲམ་ཐེར་འབུམ་༡༡༤.༨༡ དེ་ བཟོ་གྲྭ་ཆེ་བ་དང་ བར་མ་ཚུ་གིས་ ལྷན་འདེབས་འབད་ཡོདཔ་ད་ དངུལ་ཀྲམ་ཐེར་འབུམ་༩.༨༨ དང་ ཡང་ཅིན་ དངུལ་ཀྲམ་ཐེར་འབུམ་༣.༩༦ དེ་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ཚུ་གིས་ ལྷན་འདེབས་འབད་ཡོདཔ་ཨིན་པས།
ལྷན་ཁག་གི་ཁ་ཐུག་ལས་ འདས་པའི་ལོ་ནང་ གློག་ཤུགས་ཡར་སེང་དེ་ བརྒྱ་ཆ་༢.༩ ལུ་ བསྐྱར་བཟོ་འབད་ཡོདཔ་ད་ དེ་ཡང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་ ཡུན་འགྱངས་ལུས་མི་ལུ་བརྟེན་ཨིན་པས།
ཨིན་རུང་ དུས་ཅི་ གློག་ཤུགས་ཡར་སེང་དེ་ བརྒྱ་ཆ་༡༩.༨ ལུ་ ཚོད་དཔག་འབད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།