༉ གཞུང་གི་བློན་པོ་དང་ ཆེ་རིམ་འགོ་དཔོན་ཚུ་གིས་ བརྡ་བརྒྱུད་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་མ་ཆོགཔ་སྦེ་ བཟོ་ཡོདཔ་ཨིན་པས།
ད་ལས་ཕར་ བརྡ་དོན་གྱི་ ཞུ་བ་ཚུ་ཆ་མཉམ་ར་ ལྷན་ཁག་གི་ བརྡ་བརྒྱུད་ལྟེ་བ་ལས་ སྲིད་བྱུས་དང་འཆར་གཞི་སྡེ་ཚན་ བརྒྱུད་དགོཔ་སྦེ་ཨིན་པས།
ད་ལྟོ་ཚུན་ བློན་པོ་དང་ གཞུང་གི་འགོ་དཔོན་ལ་ལུ་ཅིག་ལས་ བརྡ་དོན་ཁ་གསལ་དགོ་ནིའི་དོན་ལུ་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ འཇམ་ཏོང་ཏོ་སྦེ་ འཕྱད་ཚུགས་དོ་ཡོདཔ་ད་ རིམ་མང་གནད་དོན་དག་པ་ཅིག་རྐྱངམ་གཅིག་ བརྡ་དོན་གྱི་དོན་ལས་ བརྡ་བརྒྱུད་ཀྱི་ མི་ངོ་ཅིག་བརྒྱུད་དེ་ འབྲེལ་བ་འཐབ་དགོཔ་སྦེ་ཨིན་པས།
གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ དུས་སྟབས་བཟོ་ནིའི་དོན་ལུ་ དྲི་བའི་སྐབས་ བློན་པོ་ཅིག་གིས་ མགྲོན་སྐྱོང་ལམ་ལུགས་གསརཔ་གི་སྐོར་ལས་སླབ་སྟེ་ ཁ་མ་བཟེད་མི་དེ་ཡང་ ད་ལས་ཕར་ བརྡ་བརྒྱུད་ཀྱི་ ཞུ་བ་ཚུ་ཆ་མཉམ་ར་ ལྷན་ཁག་གི་ བརྡ་བརྒྱུད་ལྟེ་བ་སྦེ་ ལཱ་འབད་མི་ སྲིད་བྱུས་དང་འཆར་གཞི་སྡེ་ཚན་བརྒྱུད་དེ་ འོང་དགོ་ནི་དེ་གིས་ཨིན་ཟེར་ བློན་པོ་གིས་ བཤད་ཡོདཔ་ད་ ཐ་ན་ མདོ་ཆེན་དང་ དྲུང་ཆེན་ཚུ་ཡང་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ ཐད་ཀར་དུ་ བློ་སླབ་མ་ཆོགཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ཧེ་མ་ བརྡ་བརྒྱུད་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་པའི་སྐབས་ སྟབས་མ་བདེཝ་ཚུ་ཐོན་མི་ལུ་བརྟེན་ བཀག་དམ་འབད་ནི་ འགོ་བཙུགས་ཡི་ཟེར་ཨིནམ་ད་ ད་རེས་ ང་ར་ བརྡ་བརྒྱུད་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་་ཆོག་པའི་ གནང་བ་མེད་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་ཚུ་གིས་ གཞུང་དང་གཞུང་གི་བར་ན་ གྲོས་ཐག་བཅད་མི་ གནད་དོན་ཚུ་གི་ཐོག་ལུ་ སླབ་མ་ཆོགཔ་སྦེ་ བཀག་ཆ་འབད་དེ་ཡོདཔ་ད་ ཐ་ན་ ཁོང་ར་ གྲོས་བསྡུར་ཚུ་ནང་ ངོ་མ་སྦེ་ གྲལ་གཏོགས་འབད་རུང་ སླབ་མ་ཆོགཔ་ཨིན་པས།
བཀག་དམ་དེ་ཡང་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་གིས་ བརྡ་བརྒྱུད་དང་གཅིག་ཁར་ མི་མང་གི་བརྡ་དོན་ཚུ་ བརྗེ་སོར་འབད་ནིའི་དོན་ལུ་ ཚད་ལྡན་ལག་ལེན་བྱ་རིམ་ གཞི་བཙུགས་འབད་མི་ལུ་བརྟེན་ ཐོན་ཡོདཔ་ཨིན་པས།
ཚད་ལྡན་ལག་ལེན་བྱ་རིམ་དང་འཁྲིལཝ་ད་ བརྡ་བརྒྱུད་ཀྱི་ ཞུ་བ་ཚུ་ཆ་མཉམ་ར་ བསྐོ་བཞག་འབད་མི་ བརྡ་བརྒྱུད་མི་ངོམ་བརྒྱུད་དགོཔ་སྦེ་ཨིནམ་ད་ དེ་ཡང་ གཞུང་གི་ ལས་སྡེ་ཚུ་ལས་ བརྡ་དོན་ཚུ་ འཐོབ་ཚུགསཔ་སྦེ་ བཟོ་ནིའི་དོན་ལུ་ཨིནམ་ད་ མི་ངོམ་དེ་ སྲིད་བྱུས་དང་འཆར་གཞི་སྡེ་ཚན་གྱི་ གཙོ་འཛིན་དང་ ཡང་ཅིན་ ལས་སྡེ་གཞན་ལས་ དོ་འགྲན་ཅན་གྱི་ འགོ་དཔོན་གང་རུང་ཅིག་ དགོཔ་ཨིན་པས།
གཞུང་གི་ལས་སྡེ་ མང་ཤོས་ཅིག་ནང་ བརྡ་བརྒྱུད་མགྲིན་ཚབ་ བསྐོ་བཞག་འབད་དེ་མེདཔ་ད་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་དོན་ལུ་ བརྡ་བརྒྱུད་མི་ངོམ་དེ་ འབྲེལ་བ་འཐབ་སའི་ ས་གོ་ངོ་མ་ཅིག་ཨིན་པས།
ཨིན་རུང་ བརྡ་བརྒྱུད་ཀྱི་ ལས་བྱེདཔ་ཚུ་གིས་ ལམ་ལུགས་ཀྱི་ འཇོན་ཐངས་སྐོར་ལས་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ད་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ སླབ་མིའི་ནང་ བརྡ་བརྒྱུད་ངོ་ཚབ་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ ཉེ་བར་མཁོ་བའི་བརྡ་དོན་ཚུ་ འཐོབ་མ་ཚུགས་ནི་དེ་གིས་ དུས་ཚོད་འགོརཝ་མས་ཟེར་ཨིན་པས།
བརྡ་བརྒྱུད་ཁྱད་རིགཔ་ཅིག་གིས་ སླབ་མིའི་ནང་ ད་ལྟོའི་ བྱ་རིམ་དེ་གིས་ དུས་ཡུན་འགོར་དོ་ཡོདཔ་ལས་ བརྡ་དོན་ཚུ་ ཡོངས་སུ་རྫོགསཔ་སྦེ་ འཐོབ་མི་ཚུགས་པས་ཟེར་ཨིན་པས།
ཚད་ལྡན་ལག་ལེན་བྱ་རིམ་དེ་ བརྡ་དོན་བགོ་བཀྲམ་ནང་ མཉམ་རུབ་ཐབས་ལམ་ཅིག་ བཏོན་ཐབས་དོན་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ མི་མང་གི་ཕན་ཐབས་ལུ་ ལག་ལེན་འཐབ་ཚུགས་པའི་ཐད་ཁར་ དོགས་པ་ཚུ་འདུག་ཟེར་ཨིན་པས།
གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ སླབ་མིའི་ནང་ བཀོད་རྒྱ་གསརཔ་དེ་གིས་ བརྡ་དོན་འཐོབ་ཚུགས་ནི་ལུ་ དུམ་གྲ་ཅིག་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིནམ་ད་ གཞུང་གིས་ དེ་འཕྲོ་ལས་ བརྡ་བརྒྱུད་དང་མ་མཐུན་པའི་ སྲིད་བྱུས་དེ་ ཆ་མེད་གཏང་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།