བཀྲིས་ཕུན་ཚོགས།
༉ སྤྱི་ཟླ་༥ པའི་ཚེས་༣ ལུ་ འཛམ་གླིང་གནས་ཚུལ་དལ་དབང་གི་ཉིནམ་དང་འབྲེལ་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ ལོ་བསྟར་བརྡ་བརྒྱུད་རྟགས་མ་ཐེངས་༨ པ་ འགོ་འདྲེན་འཐབ་མིའི་ནང་ གནས་ཚུལ་བསྡུ་བཀོདཔ་༡༤ ངོས་འཛིན་འབད་དེ་ གནས་ཚུལ་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་ཚུ་ བྱིན་ཡོདཔ་ཨིན་པས།
བརྡ་བརྒྱུད་ལས་ཁང་ཚུ་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ གནས་ཚུལ་བསྡུ་བསྒྲིགས་འབད་ཞིནམ་ལས་ རྒྱལ་ཡོངས་ལུ་ སྙན་ཞུ་འབད་མི་ཚུ་ ངོས་འཛིན་འབད་མི་དེ་ཡང་ དབྱེ་ཁག་༡༤ ནང་ དོ་འགྲན་འབད་ཡོདཔ་ཨིན་པས།
དེ་གི་གྲས་ལས་ གནས་ཚུལ་དབྱེ་ཁག་༦ པོ་དེ་ བརྡ་བརྒྱུད་ལས་ཁང་ཚུ་གིས་ པར་སྐྲུན་འབད་མི་གསར་ཤོག་ཨིནམ་ད་ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ དབྱེ་ཁག་༣ དང་ དབྱེ་ཁག་༢ འབྲུག་རྒྱང་འཕྲིན་ དེ་ལས་ གཞན་མི་དབྱེ་ཁག་༣ དེ་ ཁས་བླངས་ན་གཞོན་གནས་ཚུལ་དང་ ཨམ་སྲུ་གནས་ཚུལ་བསྡུ་བཀོདཔ་ དེ་ལས་ སོ་ནམ་དང་བཟའ་སྤྱོད་གནས་ཚུལ་དྲག་ཤོས་ཀྱི་ དབྱེ་ཁག་ཚུ་ཨིན་པས།
འབྲུག་ཚོང་འབྲེལ་གནས་ཚུལ་ལས་ཁང་གི་ གནས་ཚུལ་བསྡུ་བཀོདཔ་ ཚེ་རིང་སྒྲོལ་མ་གིས་ ཁས་བླངས་ཅན་གྱི་ ན་གཞོན་གནས་ཚུལ་བསྡུ་བཀོདཔ་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་ཐོབ་ཡོདཔ་ད་ ཀུན་གསལ་ལས་འཛིན་ཚད་ལས་ གནས་ཚུལ་བསྡུ་བཀོདཔ་གོངམ་ བཙན་སྐྱོགས་སྒྲོལ་མ་གིས་ ཨམ་སྲུ་གནས་ཚུལ་བསྡུ་བཀོདཔ་དྲག་ཤོས་ གཟེངས་ཐོན་རྟགས་མ་ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་བུ་ཊཱནསི་གནས་ཚུལ་ལས་ཁང་གི་ བཀོད་ཁྱབ་གཙོ་འཛིན་ བསྟན་འཛིན་བླམ་བཟང་གིས་ ཞིབ་དཔྱད་དང་ ཚོང་འབྲེལ་གནས་ཚུལ་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་༢ ཐོབ་ཡོདཔ་བཞིན་དུ་ ཁོ་གིས་ འདས་པའི་ལོ་ནང་ཡང་ ཞིབ་དཔྱད་དང་ ཁྲིམས་འགལ་གནས་ཚུལ་དྲག་ཤོས་༢ ཀྱི་ གཟེངས་ཐོན་རྟགས་མ་ཐོབ་ཡོད་པའི་ཁར་ འཇིགས་མེད་སེངྒེ་དབང་ཕྱུག་ཁྱད་འཕགས་རྟགས་མ་ ཐོབ་ཡོདཔ་ཨིན་པས།
འབྲུག་ཚོང་འབྲེལ་གནས་ཚུལ་ལས་ཁང་ལས་ ཨྱོན་བསྟན་འཛིན་གྱིས་ རྩེད་རིགས་དྲག་ཤོས་ཀྱི་ གསོལ་རས་ཐོབ་ཡོདཔ་ད་ རྒྱས་བཤད་གནས་ཚུལ་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་དེ་ ཀུན་གསལ་ལས་འཛིན་ཚད་ལས་ གནས་ཚུལ་བསྡུ་བཀོདཔ་གོངམ་ བཀྲིས་ཕུན་ཚོགས་དང་ གནམ་གཤིས་འགྱུར་བགྲོད་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་དེ་ ཀུན་གསལ་ལས་འཛིན་ཚད་ལས་ གནས་ཚུལ་བསྡུ་བཀོདཔ་གོངམ་ ཨྱོན་རྡོ་རྗེ་གིས་ ཐོབ་ཡོདཔ་ཨིན་པས།
དེ་དང་འདྲཝ་སྦེ་ རང་དབང་གི་ཐོག་ལས་ གནས་ཚུལ་བསྡུ་བསྒྲིགས་འབད་དེ་ གནས་ཚུལ་བྲིས་མི་ རིན་འཛིན་དབང་ཕྱུག་གིས་ སྲིད་དོན་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་ཐོབ་ཡོདཔ་ཨིན་པས།
རྒྱང་བསྒྲགས་ཀྱི་ དབྱེ་ཁག་ནང་ལས་ རྒྱས་བཤད་གནས་ཚུལ་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་དེ་ གནས་ཚུལ་བསྡུ་བཀོདཔ་ ཀུན་ལེགས་དབང་ཕྱུག་གིས་ ཐོབ་ཡོདཔ་ད་ རྒྱང་མཐོང་གི་ གནས་ཚུལ་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་དེ་ འབྲུག་རྒྱང་བསྒྲགས་ལས་འཛིན་ལས་ ཀརྨ་དབང་འདུས་ཀྱིས་་ཐོབ་ཡོདཔ་ད་ རྒྱལ་ཁབ་གནས་སྟངས་ལས་རིམ་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་དེ་ འབྲུག་རྒྱང་བསྒྲགས་ལས་འཛིན་ལས་ ཕུན་ཚོགས་རྣམ་རྒྱལ་གྱིས་ ཐོན་ཡོདཔ་ཨིན་པས།
འབྲུག་རྒྱང་བསྒྲགས་ལས་འཛིན་ཚད་ལས་ རྒྱང་འཕྲིན་རེ་ཌིའོ་གནས་ཚུལ་དྲག་ཤོས་དེ་ འཕྲིན་ལས་དཔལ་འབྱོར་དང་ སྐལ་བཟང་དབང་མོ་གིས་ ཡོངས་འབྲེལ་ནང་ གནས་ཚུལ་ཚུ་ ཐོབ་ཆོག་ཆོ་སྦེ་ སྒྲ་བཟུང་འབད་མི་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་ཐོབ་ཡོདཔ་ཨིན་པས།
མ་གཞི་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ གནས་ཚུལ་དྲག་ཤོས་༢༠ ལུ་ གཟེངས་ཐོན་རྟགས་མ་ཚུ་ བྱིན་ནི་སྦེ་ གསལ་བསྒྲགས་འབད་ཡོད་རུང་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ བྱིན་མི་གནས་ཚུལ་ཚུ་ འོས་འབབ་དང་ སྤུས་ཚད་ དེ་ལས་ ཁྱད་ཆོས་ཚུ་ ཚངམ་སྦེ་མེདཔ་ལས་ ཆ་མེད་བཏང་ཡོདཔ་ཨིན་པས།
གཞན་དལ་གཞི་འབད་བ་ཅིན་ བརྡ་བརྒྱུདཔ་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་ཐེངས་༧ པ་ཚུན་ ཁྲིམས་འགལ་གནས་ཚུལ་དྲག་ཤོས་དབྱེ་ཁག་དང་ མི་སྡེ་ལས་ཚོགས་ཀྱི་གནས་ཚུལ་དྲག་ཤོས་ ཕོ་མོ་འདྲ་མཉམ་ ཚོང་འབྲེལ་དྲག་ཤོས་ དངོས་གསལ་གློག་བརྙན་དྲག་ཤོས་ པར་ཆས་དྲག་ཤོས་ཀྱི་གཟེངས་བསྟོད་གསོལ་རས་ དེ་ལས་ རྩོམ་བྲིས་དྲག་ཤོས་ཀྱི་ དབྱེ་ཁག་ཚུ་ནང་ ངོས་འཛིན་འབད་ཞིནམ་ལས་ གཟེངས་ཐོན་རྟགས་མ་ཚུ་ བྱིན་ཡོདཔ་ཨིན་པས།
ལོ་བསྟར་བརྡ་བརྒྱུདཔ་དྲག་ཤོས་ཀྱི་ གཟེངས་བསྟོད་གསོལ་རས་ཐེངས་༡ པ་ལས་༦ པ་ཚུན་ རྫོང་ཁ་དང་ ཨིང་ལིཤ་གནས་ཚུལ་དྲག་ཤོས་ཀྱི་དོན་ལུ་ དབྱེ་ཁག་ཕྱེས་ཏེ་ དྲག་ཤོས་ཚུ་ ངོས་འཛིན་འབད་དེ་ གཟེངས་ཐོན་རྟགས་མ་ཚུ་ བྱིན་ནི་ཡོད་རུང་ ཐེངས་༧ པ་ལས་འགོ་བཙུགས་ རྫོང་ཁ་གནས་ཚུལ་བསྡུ་སྒྲིག་འབད་མི་ཚུ་གིས་ སྤྱིར་བཏང་ ཨིང་ལིཤ་གི་གནས་ཚུལ་དང་ དོ་འགྲན་འབད་དགོཔ་ཐོན་ཡོདཔ་ཨིན་པས།
དུས་ཅི་གི་ བརྡ་བརྒྱུད་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མ་གནང་ནིའི་དོན་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ཡོད་པའི་ཁར་ བརྡ་བརྒྱུད་ལས་ཁང་གི་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ རྩ་འགེངས་ཏེ་ ཐེབས་སྦེ་ར་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ ལཱ་འབད་དགོཔ་ལེ་ཤ་ཡོདཔ་མ་ཚད་ འགན་ཁུར་ཐེབས་འབག་དགོཔ་འདུག་ཟེར་ གསུངས་ཡོདཔ་ཨིན་པས།
འབྲུག་གི་ གནས་ཚུལ་དལ་དབང་གི་ གནས་རིམ་དེ་ ཨང་༩༠ ལས་༡༤༧ ལུ་ མར་བབས་སོང་ཡོད་པའི་གནས་ཚུལ།