༉ འབྲུག་ལས་ སྐྱེས་ལོ་༢༦ ལང་མི་ བཙན་སྐྱོགས་རྡོ་རྗེ་གིས་ དུས་ཅི་འགོ་དང་པ་ གནམ་དགུན་གྱི་ ཨེ་ཤི་ཡན་བཤུད་པང་རྩེད་འགྲན་ནང་ བཅའ་མར་གཏོགས་ནི་ཨིན་པས།
ཐིམ་ཕུག་ལས་ཨིན་མི་གིས་ ད་ལྟོ་ ཕ་རཱནསི་རྒྱལ་ཁབ་ ཅ་མོ་ནིགསི་ལུ་སྡོད་དོ་ཡོདཔ་ད་ ཁོ་གིས་ རྒྱ་ནག་ ཧར་བཱན་ལུ་ སྤྱི་ཟླ་༢ པའི་ཚེས་༧ ལས་༡༤ ཚུན་ ཨེ་ཤི་ཡན་བཤུད་པང་རྩེད་འགྲན་ཐེངས་༩ པ་ འགོ་འདྲེན་འཐབ་ནི་ཨིན་མིའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ སྦྱོང་བརྡར་ཚུ་ འབད་དོ་ཡོདཔ་ཨིན་པས།
བཙན་སྐྱོགས་རྡོ་རྗེ་དེ་ འབྲུག་གི་ འཐུས་མི་ངོ་ཚབ་ཅིག་ཨིནམ་ད་ ཁོ་གིས་ རྒྱལ་རབས་ཅན་གྱི་ལུས་རྩལ་དང་ རྒྱལ་ཁབ་༢ ཆ་རའི་ཁ་ཐུག་ལས་སྦེ་ ངོ་རྟགས་བཏོན་ནི་ཨིན་པས།
ཨེ་ཤི་ཡ་ གནམ་དགུན་གྱི་དགའ་སྤྲོའི་དྲན་སྣང་ཟེར་བའི་ བརྗོད་དོན་ཐོག་ལུ་ རྩེདམོ་དེ་གིས་ རྒྱལ་ཡོངས་ཨོ་ལིམ་པིག་ཚོགས་ཆུང་གི་ རྒྱལ་ཁབ་༣༤ ཡོད་མི་ཚུ་ནང་ལས་ བཅའ་མར་གཏོགས་མི་༡,༢༧༠ ཡོད་མི་ཚུ་ག་ར་ གཅིག་ཁར་འཛོམས་ཐོག་ལས་ དོ་འགྲན་འབད་ནི་ཨིན་པས།
བཙན་སྐྱོགས་རྡོ་རྗེ་གིས་ སྤྱི་ཟླ་༢ པའི་ཚེས་༩ ལུ་ བཤུད་པང་རྩེད་འགྲན་ནང་ དོ་འགྲན་འབད་མི་ རྒྱ་ནག་དང་ ཇ་པཱན་ དེ་ལས་ ལྷོ་ཀོ་རི་ཡ་ཚུ་ནང་ལས་ཡོདཔ་ཨིན་པས།
དུས་སྟོན་དེ་གི་དོན་ལུ་ ཁོ་གིས་ ཟླཝ་དག་པ་ཅིག་གི་རིང་ སྦྱོང་བརྡར་ཚུ་འབད་ཡོདཔ་ད་ ཁོ་གིས་ རྩེད་འགྲན་དེ་ནང་ དོ་འགྲན་ཚུ་ ལེགས་ཤོམ་སྦེ་འབད་ཚུགས་པའི་རེ་བ་ཡོདཔ་བཞིན་དུ་ བཤུད་པང་རྩེད་འགྲན་ནང་ རྩེད་འགྲན་པ་༤༠ དེ་ཅིག་ ཡོད་མི་ཚུ་གིས་ རྩེད་འགྲན་གྱི་ དབྱེ་ཁག་མ་འདྲཝ་ཡོད་མི་ཚུ་ནང་ དོ་འགྲན་འབད་ནི་ཨིན་པས།
ཨེ་ཤི་ཡན་བཤུད་པང་རྩེད་འགྲན་ནང་ རྒྱལ་ཁབ་ཀྱི་ཁ་ཐུག་ལས་ བཅའ་མར་གཏོགས་ཏེ་ གྲུབ་འབྲས་ལེགས་ཤོམ་འཐོན་ཚུགསཔ་ འབད་ནི་ཨིན་ཟེར་ཨིནམ་ད་ ངེ་གི་ དམིགས་ཡུལ་དེ་ ང་རའི་ལྕོགས་གྲུབ་ཡོད་མི་ཚུ་བཏོན་ཐོག་ལས་ འཕྲོ་མཐུད་དེ་ར་ ལྷབ་སྦྱང་དང་ ཡར་རྒྱས་བཏང་ནི་ དེ་ལས་ ཉམས་མྱོང་ཚུ་ ལེགས་ཤོམ་ཐོབ་ཚུགསཔ་ འབད་ནི་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩེདམོ་དེ་རྒྱལ་ཁབ་ཀྱི་ ངོ་ཚབ་འབད་ནི་རྐྱངམ་གཅིག་མེན་པར་ ངོས་འཛིན་འབྱུང་ཐབས་ལུ་ བཤུད་པང་རྩེད་འགྲན་ནང་ ལཱ་ཚུ་རྩ་འགེངས་འབད་ཡི་ཟེར་ཨིན་པས།
ཁོ་གིས་ འཛམ་གླིང་གི་བཤུད་པང་དང་ ཁ་བའི་རྩེད་འགྲན་མ་འདྲ་བའི་ དུས་སྟོན་༧,༠༠༠ དེ་ཅིག་ཡོད་མི་ཚུ་ ཁ་མཐོ་སའི་ས་གནས་ ཨལ་པཱན་ལ་སོགས་པའི་ རྒྱལ་ཁབ་ཚུ་ རང་ར་སོ་སོའི་ཁྱད་ཆོས་ཚུ་དང་བསྟུན་ ལོ་བསྟར་གྱི་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པས།
བཙན་སྐྱོགས་རྡོ་རྗེ་ཁོ་ར་ བཤུད་པང་རྩེདམོ་གི་ སློབ་སྟོན་པ་ཨིནམ་ད་ ཁོ་གིས་ འདི་བཟུམ་གྱི་ལས་རིམ་ཚུ་ནང་ ཁྱད་རིག་ཚུ་བཏོན་ནི་ལུ་ མཉམ་འབྲེལ་བྱུང་ཡོདཔ་ཨིན་པས།
ཁོ་ར་ ཆུང་ཀུའི་བསྒང་ལས་ར་ ཕ་རནསི་ལུ་ སྡོད་མི་ཅིག་ཨིནམ་ད་ ཁོ་གི་སྤྲོ་བ་དེ་ གནམ་དགུན་ བཤུད་པང་རྩེདམོ་རྩེ་ནི་དེ་ཨིནམ་བཞིན་དུ་ གནམ་དགུན་ཨ་རྟག་ར་ ཁོ་གིས་ ས་གནས་ཆ་མོ་ནིགསི་ལུ་འགྱོཝ་ད་ རྩེདམོ་ཚུ་རྩེ་དོ་ཡོདཔ་ཨིན་པས།
ཁོ་གིས་ རྒྱལ་ཡོངས་བཤུད་པང་ཌིབ་ལོ་མ་ནང་ འཛུལ་ཞུགས་འབད་དེ་ བཤུད་པང་རྩོད་མོའི་ སློབ་སྟོན་པ་འབད་ཡོདཔ་ད་ ཁོ་གིས་ ལ་མཐོ་ས་ ཨཱལ་པ་ཡན་ལུ་ བཤུད་པང་རྩེ་བའི་ཁར་ དེ་གི་སྐབས་སུ་ ཁོ་རའི་མནོ་བསམ་ལུ་ ང་གིས་ རྒྱལ་ཁབ་ ཀྱི་དོན་ལུ་ དོན་དང་ལྡན་པའི་ལཱ་ཅིག་ འབད་དགོ་པས་ཟེར་ རེ་བ་བསྐྱེད་ཡོདཔ་ཨིན་པས།
ཁོ་གི་རེ་འདོད་དེ་ ཨོ་ལིམ་པིག་ནང་ འབྲུག་གི་ཁ་ཐུག་ལས་ ངོ་ཚབ་འབད་ནིའི་མནོ་བསམ་ཨིན་ཟེར་ བཙན་སྐྱོགས་རྡོ་རྗེ་གིས་ བཤདཔ་ཨིན་པས།
བཙན་སྐྱོགས་རྡོ་རྗེ་གིས་འབད་བ་ཅིན་ བཤུད་པང་ལས་རིམ་ནང་ སྤྲོ་བ་ཆེ་ཤོས་ར་ རྒྱུག་འགྲན་ཤུགས་ཆེ་སུ་སྦེ་ འགྱོ་ནི་དང་ སྒོར་བལྟབ་བཙུགས་འགྱོ་ནི་ དེ་ལས་ ས་ཁོངས་ཀྱི་གདོང་ལེན་ཚུ་བྱུངམ་ད་ ཨིན་མས་ཟེར་ཨིན་པས།
ངེ་གི་ ཆ་རོགས་དང་ བཟའ་ཚང་ཚུ་གིས་ རྒྱབ་སྐྱོར་ཚུ་ ལེགས་ཤོམ་འབད་དོ་ཡོདཔ་ད་ དེ་ཡང་ གནས་སྟངས་དང་ དངུལ་འབྲེལ་གྱི་རྒྱབ་སྐྱོར་ཚུ་འབད་དེ་ ང་ལུ་ སེམས་ཤུགས་བསྐྱེད་བཅུག་ཅི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ད་རེས་ནངས་པར་ འབྲུག་ལུ་ འདི་བཟུམ་གྱི་ རྩེད་འགྲན་འབད་ནིའི་དོན་ལུ་ མཐུན་རྐྱེན་དང་ མཁོ་ཆས་ཚུ་མེད་པའི་ཁར་ གནམ་དགུན་ལུ་འབད་རུང་ རྩེདམོ་དེ་གི་དོན་ལུ་ ས་ཁོངས་ཚུ་ ཁཝ་གིས་གང་སྟེ་འབད་རུང་ འདི་ལུ་ངོས་འཛིན་ཚུ་ མ་འབད་བར་འདུག་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།


Advertisement