༉ ཁ་ཙ་ གཞུང་འབྲེལ་ཐོག་ལས་ རྒྱ་གར་ཨ་སམ་ལུ་ ད་རང་ག་ནང་སྐྱོད་ཞིབ་དཔྱད་སྒོ་ར་ སྒོ་འབྱེད་འབད་མི་དང་བསྟུན་ ད་ལས་ཕར་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་གིས་ བསམ་གྲུབ་ལྗོངས་མཁར་གྱི་ ཤར་ཕྱོགས་ས་མཚམས་ཁྲོམ་སྡེ་ལས་ འཐོན་འཛུལ་འབད་ཚུགས་ནི་ཨིན་པས།
སྒོ་འབྱེད་རྟེན་འབྲེལ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ཨ་སམ་མངའ་སྡེའི་སྤྱི་ཁྱབ་ པར་སཱཌ་ ཨ་ཅར་ཡ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ད་རང་ག་ནང་སྐྱོད་ཞིབ་དཔྱད་སྒོ་ར་ལུ་ གཞི་བཙུགས་འབད་ཡོད་པའི་ཁར་ རྒྱ་གར་གྱི་ ས་ཐོག་དོ་ཕབ་སྐྱེལ་དབང་འཛིན་གྱིས་ འཛིན་སྐྱོང་འཐབ་མི་ ནང་སྐྱོད་མཐུན་རྐྱེན་གསརཔ་དེ་ ས་མཚམས་ལྟ་བཤལ་ཡར་དྲག་གཏང་ནི་དང་ མཐུད་སྦྲེལ་དོན་ལུ་ གོང་འཕེལ་སྦོམ་ཤོས་ཅིག་ཨིན་པས།
ནང་སྐྱོད་མཐུན་རྐྱེན་གསརཔ་འདི་བརྩིསཝ་ད་ འབྲུག་ལུ་ ལྟ་བཤལཔ་ཚུ་གི་དོན་ལས་ ས་ཐོག་གི་ འཐོན་འཛུལ་ས་གོ་༢ ཡོདཔ་ཨིན་པས།
དུས་ཡུན་ཆུ་ཚོད་༢༤ གི་རིང་ ལག་ལེན་འཐབ་ནི་ཨིན་མི་ ད་རང་ག་ནང་སྐྱོད་ཞིབ་དཔྱད་སྒོ་ར་གིས་ འབྲུག་དང་ རྒྱ་གར་གྱི་ ས་མཚམས་བརྒྱུད་དེ་ རྒྱལ་ཁབ་༣ པའི་ མི་ཁུངས་ཚུ་ འཐོན་འཛུལ་འབད་ནི་ལུ་ ལྷན་ཐབས་འབད་ནི་ཨིནམ་ད་ འཐོན་འཛུལ་ས་གོ་དེ་གིས་ རྒྱལ་ཁབ་ཀྱི་ ཤར་ཕྱོགས་ལུང་ཕྱོགས་ཚུ་ནང་ ལྟ་བཤལ་ཡར་རྒྱས་གཏང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ ས་མཚམས་ཁྲོམ་སྡེ་དེ་ འབྲུག་གི་ཤར་ཕྱོགས་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ མོང་སྒར་ ལྷུན་རྩེ་ དེ་ལས་ པདྨ་དགའ་ཚལ་གྱི་ ཁྲོམ་སྦོམ་ཚུ་གི་དོན་ལུ་ སྒོ་ལམ་ཨིནམ་ད་ ས་གནས་དེ་ཚུ་ ཁོང་རའི་ གཞན་དང་མ་འདྲ་བའི་ལམ་སྲོལ་དང་ རང་བཞིན་གྱི་སའི་ཆགས་ཚུལ་ དེ་ལས་ ལམ་སྲོལ་ཤུལ་ནོར་ཕྱུགཔོ་སྦེ་ཡོད་པའི་ ཡོངས་གྲགས་ཡོདཔ་ཨིན་པས།
སྒོ་འབྱེད་རྟེན་འབྲེལ་གྱི་སྐབས་ ཨ་སམ་མངའ་སྡེའི་སྤྱི་ཁྱབ་ པར་སཱཌ་ ཨ་ཅར་ཡ་གིས་ སླབ་མིའི་ནང་ འབྲུག་དང་ རྒྱ་གར་གྱི་བར་ན་ མཉམ་འབྲེལ་དང་མཐུན་ལམ་ དམ་ཟབ་ཡོད་མི་དང་བསྟུན་ མཐུད་སྦྲེལ་དང་ ས་མཚམས་རྟེན་གཞི་ཚུ་ གོང་འཕེལ་གཏང་ཚུགས་པའི་ཁར་ མི་སེར་དང་ མི་སེར་གྱི་བར་ནའི་ མཐུན་ལམ་རྩ་བརྟན་བཟོ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ རྒྱ་གར་གཞུང་གིས་ ལས་སྡེ་སྣ་མང་ཐོག་ལས་ ཕན་ཚུན་ཁེ་ཕན་གྱི་ མཉམ་ལས་ཚུ་ ལྷག་པར་དུ་ རྒྱ་སྐྱེད་གཏང་ནི་ལུ་ ཁས་བླངས་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ ད་རང་ག་ལུ་ ནང་སྐྱོད་ཞིབ་དཔྱད་སྒོ་རའི་ ལག་ལེན་འགོ་བཙུགས་མི་དེ་གིས་ འབྲུག་གི་ཤར་ཕྱོགས་ལུ་ ལྟ་བཤལ་དང་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིནམ་ད་ རྩོལ་སྒྲུབ་འདི་གིས་ འབྲུག་དང་ ཨ་སམ་གྱི་བར་ན་ ལྟ་བཤལ་གླིང་སྐོར་ལམ་ གཞི་བཙུགས་འབད་ནི་ལུ་ ཆ་རོགས་འབད་ཚུགས་ནི་མས་ཟེར་ཨིན་པས།
སྒོ་འབྱེད་རྟེན་འབྲེལ་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དེ་ ནང་སྐྱོད་ཞིབ་དཔྱད་སྒོ་ར་གསརཔ་ནང་ ཁོ་རའི་ ལམ་ཡིག་གུ་ ཐིའུ་རྐྱབ་མི་ ངོ་རྐྱང་དང་པ་ཨིན་རུང་ རྟེན་འབྲེལ་བརྩི་སྲུང་གི་ ཉིནམ་དེ་ལུ་ ས་མཚམས་ཁར་ འཐོན་འཛུལ་འབད་མི་ ལྟ་བཤལཔ་མེདཔ་ཨིན་པས།
སྒོ་འབྱེད་རྟེན་འབྲེལ་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་ དྲགོས་པདྨ་ཚེ་དབང་དང་ གུ་ཧ་ཊི་ལུ་ འབྲུག་གི་དོན་གཅོད་ཡོངས་ཁྱབ་ དེ་ལས་ གཞུང་གི་ ཆེ་རིམ་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་གྱི་ གཞུང་ལྟེ་བ་ལས་ ཆེ་རིམ་བློན་པོ་ཚུ་དང་ འབྲུག་ལུ་རྒྱ་གར་གྱི་གཞུང་ཚབ་ དེ་ལས་ ཨ་སམ་མངའ་སྡེ་གཞུང་གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།