༉ དུས་ཅི་ བསམ་གྲུབ་ལྗོངས་མཁར་ལུ་ ཚལ་ལུ་ཕྱིར་ཚོང་འཐབ་མི་ཚུ་ ཚལ་ལུའི་གོང་ཚད་ལེགས་ཤོམ་འཐོབ་ཚུགས་པའི་ཁར་ སྤུས་ཚད་ཡར་དྲག་འགྱོ་བའི་ རེ་བ་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ སྒོམ་དར་ལས་ རི་དབྱངས་ཕྱིར་ཚོང་གི་ཇོ་བདག་ སྐྱེས་ལོ་༥༩ ལང་མི་ རིན་ཆེན་རྡོ་རྗེ་གིས་ ཚལ་ལུ་ཕྱིར་ཚོང་འཐབ་སྟེ་ ད་རེས་འབདཝ་ད་ ལོ་ངོ་བཅུ་ཕྲག་དེ་ཅིག་ ལང་དོ་ཡོདཔ་ད་ ཁོ་གིས་ ཚལ་ལུ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ བང་ལ་དེཤ་ལུ་ གཏང་ནི་འགོ་བཙུགས་ཡོདཔ་ཨིན་པས།
རིན་ཆེན་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ དུས་ཅི་ ཚལ་ལུའི་སྤུས་ཚད་ ལེགས་ཤོམ་ཡོདཔ་བཞིན་དུ་ བང་ལ་དེཤ་ལས་ མཁོ་འདོད་བཀོད་མི་ཡང་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
མ་གཞི་ ཚལ་ལུ་ཕྱིར་ཚོང་དེ་ སྤྱི་ཟླ་༡༡ པའི་ཟླ་ཕྱེད་ལས་ འགོ་བཙུགས་དོ་ཡོད་རུང་ རྒྱ་གར་ ཀུཆ་བི་ཧར་ལུ་ མི་སྡེའི་བཙག་འཐུ་ལུ་བརྟེན་ སྤྱི་ཟླ་༡༢ པའི་ཚེས་༡༠ ལས་བརྒལ་ འགོ་བཙུགས་མ་ཚུགསཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༢༣ གྱི་ནང་འཁོད་ལུ་ ཕྱིར་ཚོང་འཐབ་མི་ཚུ་གིས་ བང་ལ་དེཤ་ལུ་ ཚལ་ལུ་ཊཱག་༥༧ དེ་ཅིག་ བཏང་ཡོདཔ་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་དང་འཁྲིལ་བ་ཅིན་ ཚལ་ལུ་ཚུ་ ལེགས་ཤོམ་སྦེ་ ཤིང་སྒྲོམ་ནང་མ་བཙུགས་པར་ ཕྱིར་ཚོང་གི་ གནས་ཚད་འགྲུབ་མ་ཚུགས་པ་ཅིན་ བང་ལ་དེཤ་ལས་ ཚལ་ལུ་མཁོ་འདོད་བཀོད་མི་ ལེ་ཤ་ཡོད་རུང་ གོང་ཚད་ལེགས་ཤོམ་ འཐོབ་མི་ཚུགས་ཟེར་ཨིན་པས།
ཤེས་རབ་མཐུན་འབྲེལ་ཕྱིར་ཚོང་གིས་ ཚལ་ལུ་སྦོམ་ ཤིང་སྒྲོམ་རེ་ལུ་ དངུལ་ཀྲམ་དངུལ་ཀྲམ་༡,༤༠༠ དང་ ཚལ་ལུ་ཆུང་ཀུ་ལུ་ དངུལ་ཀྲམ་༡,༢༠༠ རེ་ བྱིན་དོ་ཡོདཔ་ད་ བང་ལ་དེཤ་ལུ་འབད་བ་ཅིན་ ཚལ་ལུ་སྦོམ་ སྒྲོམ་རེ་ལུ་ ཡུ་ཨེསི་ཌོ་ལར་༡༥ དང་༡༢ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
ན་ཧིང་ ཚལ་ལུ་སྦོམ་སྒྲོམ་རེ་ལུ་ ཡུ་ཨེསི་ཌོ་ལར་༡༢ དང་ ཚལ་ལུ་ཆུང་ཀུ་ལུ་ ཡུ་ཨེསི་ཌོ་ལར་༡༥ རེ་སྦེ་ ཕྱིར་ཚོང་འཐབ་ཡོདཔ་ད་ དུས་ཅི་ ཚལ་ལུ་སྦོམ་གྱི་གོང་ཚད་དེ་ ཡུ་ཨེསི་ཌོ་ལར་༡༨ དང་ ཚལ་ལུ་ཆུང་ཀུའི་་གོང་ཚད་ ཡུ་ཨེསི་ཌོ་ལར་༢༠ ལུ་ ཡར་འཕར་སོང་ཡོདཔ་ཨིན་པས།
ན་ཧིང་ བང་ལ་དེཤ་ལུ་ ཚལ་ལུ་མེ་ཊིག་ཊཱོན་༢,༤༣༢.༧ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས།
ཕྱིར་ཚོང་པ་ ཤེས་རབ་བཟང་པོ་གིས་ སླབ་མིའི་ནང་ ཚལ་ལུ་སྐྱེལ་འདྲེན་གྱི་གླ་ཆ་ ཊཱག་རེ་ལུ་ དངུལ་ཀྲམ་༤༨,༠༠༠ ལས་༥༠,༠༠༠ འི་བར་ན་ བྱིན་དགོ་པའི་ཁར་ བསམ་གྲུབ་ལྗོངས་མཁར་དང་ བང་ལ་དེཤ་ དཱ་ར་མ་ནི་ཚུན་གྱི་བར་ན་ ལྟེ་བ་༧ ལུ་ འཛུལ་འཐུས་ཚུ་ སྤྲོད་དགོཔ་ལས་ སྐྱེལ་འདྲེན་དང་འབྲེལ་བའི་ ཟད་འགྲོ་ཡར་སེང་གི་དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་ ཤིང་དྲྭ་ཁང་ཚུ་ལས་ ཤིང་སྒྲོམ་ལངམ་སྦེ་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡང་ བྱུང་དོ་ཡོདཔ་ཨིན་པས།
གདོང་ལེན་ཡོད་རུང་ ཕྱིར་ཚོང་འཐབ་མི་ ཨོ་རྒྱན་གྲུ་པ་གིས་ དུས་ཅི་ ཚལ་ལུའི་སྤུས་ཚད་ ལེགས་ཤོམ་ཡོདཔ་བཞིན་དུ་ ཁོ་གིས་ བང་ལ་དེཤ་ལུ་ ཚལ་ལུ་ཊཱག་༡༦ ཕྱིར་ཚོང་འཐབ་ཚར་ཡོད་པའི་ཁར་ ད་རུང་ ཚལ་ལུ་ཊཱག་༧༥ དེ་ཅིག་ ཕྱིར་ཚོང་འཐབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཨེན་སི་ཕྱིར་ཚོང་དང་ ནང་འདྲེན་འཛིན་སྐྱོང་པ་ བཀྲིས་ཟླ་བ་གིས་ སླབ་མིའི་ནང་ ན་ཧིང་དང་ཕྱདཔ་ད་ དུས་ཅི་ ཚལ་ལུའི་སྤུས་ཚད་དང་ ཐོན་སྐྱེད་ཡར་དྲག་སོང་ཡོད་རུང་ ཕྱིར་ཚོང་དང་ ནང་འདྲེན་ཚོང་འབྲེལ་གྱི་དོན་ལུ་ ཚལ་ལུ་སྒྲོམ་ནང་ ལེགས་ཤོམ་བཙུགས་ནི་དེ་ ཁག་ཆེ་བས་ཟེར་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་ བཤད་མིའི་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ རྒྱ་གར་གྱི་ རུ་པི་ཚད་གཅིག་ལས་བརྒལ་ མི་བྱིན་དོ་ཡོདཔ་ལས་ རྒྱ་གར་དང་ བང་ལ་དེཤ་གི་ ཟད་འགྲོ་གནས་མི་དེ་ མི་ལང་པས་ཟེར་ཨིན་པས།
འབྲུག་པའི་སྣུམ་འཁོར་དང་ ཕྱིར་ཚོང་འཐབ་མི་ཚུ་ རྒྱ་གར་དང་ བང་ལ་དེཤ་གཞུང་ལམ་བདའ་སྟེ་ འཛུལ་འཐུས་སྤྲོད་དགོ་པའི་ འགེགས་སྲུང་སྒོ་ར་ཚུ་ནང་ལྷོདཔ་ད་ འཛུལ་འཐུས་ལོག་ལྟབ་སྦེ་ ལེན་མི་དེ་གིས་ཡང་ ཟད་འགྲོ་འཐེབ་གནསཔ་མས་ཟེར་ཨིན་པས།
རྒྱུན་འགྲུལ་འཐབ་མི་ཚུ་གིས་ འགེགས་སྲུང་སྒོ་ར་ལུ་ལྷོདཔ་ད་ འཛུལ་འཐུས་དང་ རྒྱ་གར་གྱི་ལས་སྡེ་ཚུ་ལུ་ རུ་པི་ཐོག་ལུ་ སྤྲོད་དགོ་མི་ལུ་བརྟེན་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ ཆ་འཇོག་འབད་མི་ རུ་པི་གི་ ཚད་གཞི་དེ་གིས་ མི་ལང་པས་ཟེར་ ཕྱིར་ཚོང་འཐབ་མི་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

བཅོ་ལྔ་ལྷ་མོ་དང་ ཨ་ནི་ཤ་རའེ།

Advertisement