༉ བསམ་གྲུབ་ལྗོངས་མཁར་ལུ་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ཁར་ ཉིན་བསྟར་བཞིན་དུ་ ཐོགས་ལུས་དང་འབྲེལ་བའི་ དཀའ་ངལ་ཐོན་བཞིན་དུ་ཡོདཔ་ཨིན་པས།
གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ལུ་ འཐོན་འཛུལ་སྒོ་༡ ལས་བརྒལ་མེད་མི་དེ་ འཕྲལ་འཕྲལ་ར་ ཕྱི་ཁའི་སྣུམ་འཁོར་ཚུ་ བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ ས་སྣུམ་བླུག་པར་འོང་མི་ཚུ་གིས་ ཧེང་སྐལ་ར་ སྟབས་མ་བདེཝ་བཟོ་དོ་ཡོདཔ་ཨིན་པས།
གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ལས་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་གྱངས་མ་ཆོདཔ་སྦེ་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཞིབ་དཔྱད་སྒོ་ར་ལས་ ཉིན་བསྟར་བཞིན་དུ་ སྒྲིག་ཡངས་ལྟ་སྐོརཔ་༢,༥༠༠- ༣,༠༠༠ དང་ ཉིན་འཐུས་ལས་མི་༢༥༠ དེ་ལས་ འབྲུག་མི་༣,༠༠༠ དེ་རེ་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ཨིན་པས།
དེ་ལས་ འབྲུག་པའི་སྣུམ་འཁོར་༢,༥༠༠ འཛུལ་བའི་ཁར་༢,༤༥༠ འཐོན་འགྱོ་དོ་ཡོདཔ་མ་ཚད་ ས་མཚམས་ཕྱི་ཁའི་ སྣུམ་འཁོར་༡,༣༠༠ ལས་༡,༥༠༠ དེ་རེ་ རྒྱུན་འགྲུལ་འཐབ་དོ་ཡོདཔ་ཨིན་པས།
དེ་ཚུ་གི་གྲས་ལས་ བརྒྱ་ཆ་༧༠ བསམ་གྲུབ་ལྗོངས་མཁར་ལུ་ ས་སྣུམ་བླུག་པར་འོང་མི་དེ་ནང་ རྒྱ་གར་དང་ཕྱདཔ་ད་ ས་སྣུམ་གྱི་གོང་ཚད་ཉུངམ་ཡོད་མི་ལུ་བརྟེན་ཨིནམ་བཞིན་དུ་ དངུལ་ཀྲམ་༣༠-༤༠ བར་ན་ ཁྱད་པར་ཡོདཔ་ཨིན་པས།
སྣུམ་འཁོར་ལ་ལུ་ཅིག་གིས་ ས་སྣུམ་བླུག་པར་ ཚར་༡༠ དེ་རེ་ འོང་མི་དེ་གིས་ཡང་ འཛུལ་སྒོ་ནང་ ཐོགས་ལུགས་ཀྱི་ དཀའ་ངལ་བྱུང་མི་ལུ་བརྟེན་ ས་གནས་ཀྱི་མི་སེར་དང་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ གཞུང་ལུ་ མཐུན་རྐྱེན་དེ་ རྒྱ་སྐྱེད་གཏང་དགོ་པའི་ཞུ་བ་འབདཝ་ཨིན་པས།
མི་སེར་ཚུ་གིས་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་ ཕུན་ཚོགས་གླིང་བཟུམ་སྦེ་ རྐང་འགྲུལཔ་འཐོན་འཛུལ་མཐུན་རྐྱེན་དང་ ཅ་དམ་ཆོག་ཐམ་ཡིག་ཚང་ དོ་ཕབ་ལེན་ས་ཁོངས་ དེ་ལས་ སྣུམ་འཁོར་ཐོགས་ལུས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ སྣུམ་འཁོར་བཞག་ས་ཚུ་ རྒྱ་སྐྱེད་གཏང་དགོཔ་འདུག་ཟེར་ཨིན་པས།
ཚོང་འབྲེལ་འཐབ་སྡོད་མི་ ཕུར་པ་དབང་འདུས་ཀྱིས་ ཕུན་ཚོགས་གླིང་ལུ་ཡོད་དོ་བཟུམ་མའི་ མཐུན་རྐྱེན་ཅིག་ ཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ད་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་གསརཔ་དང་ ལོགས་སུ་སྦེ་ སྣུམ་འཁོར་བཞག་ས་ཅིག་ གཞི་བཙུགས་འབད་ནི་ལུ་ ཁས་ལེན་འབད་དེ་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་ལུ་ ཁྲོམ་སྡེ་གཞན་༣ བཟུམ་སྦེ་ མཐུན་རྐྱེན་ཚུ་ མ་ཐོབ་པར་ཡོད་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ ཀརྨ་ཆོས་གྲགས་ཀྱིས་ རྒྱུན་འགྲུལ་འཐབ་མི་ཚུ་ གདོང་ལེན་བྱུང་བའི་སྐོར་ལས་ བཤད་ཡོདཔ་ད་ ཡིག་ཆ་ཚུ་བཟོ་བའི་སྐབས་ འཕྲལ་འཕྲལ་ར་ ཆརཔ་དང་ ཉིནམ་ནང་ སྡོད་དགོཔ་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཛུལ་སྒོ་དེ་ རྒྱ་སྐྱེད་གཏང་པའི་ཁར་ རྒྱ་གར་གྱི་སྣུམ་འཁོར་ ས་སྣུམ་བླུག་པར་འོང་མི་ཚུ་ཡང་ དམ་དམ་སྦེ་ར་ ལྟ་རྟོག་འབད་དགོཔ་ད་ རེ་ཚེས་སྐབས་ ལྟ་བཤལཔ་དང་ རྒྱུན་འགྲུལ་འཐབ་མི་ཚུ་ གྱལ་ནང་སྡོད་ནི་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་དེ་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ རྒྱལ་སྒོ་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ ས་གནས་ཀྱི་ མི་སེར་ཚུ་གིས་ དམིགས་བསལ་ ལྟ་བཤལཔ་ཚུ་ འཐོན་འཛུལ་འབད་ནི་ འགོ་བཙུགས་མི་ལས་ཚུར་ དེང་སང་གི་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ཅིག་ དགོས་མཁོ་བྱུང་ནུག་ཟེར་ཨིན་པས།
མཐུན་རྐྱེན་དེ་ ལྷན་ཐབས་འབད་བ་ཅིན་ རྒྱུན་འགྲུལ་ལེགས་ཤོམ་སྦེ་ འཐབ་ཚུགས་ནི་དང་ ས་མཚམས་ཁར་ ཐོགས་ལུས་དང་འབྲེལ་བའི་ དཀའ་ངལ་ཡང་ སེལ་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
ད་ལྟོའི་ འཛུལ་སྒོ་གཙོ་ཅན་ནང་ ས་གོ་ཚད་གཅིག་ལས་བརྒལ་མེད་པལས་ ས་མཚམས་སྒོ་ར་དེ་ སྣུམ་འཁོར་དང་ རྒྱུན་འགྲུལ་འཐབ་མི་ལུ་བརྟེན་ འཛིན་སྐྱོང་འཐབ་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ ཚོང་པ་དང་ ས་གནས་ཀྱི་ མི་སེར་ཚུ་གིས་ ད་རེས་ ས་གོ་ཚུ་ ལས་སྡེ་ཁག་ཚུ་གིས་ ལག་ལེན་འཐབ་སྟེ་ ཡོད་མི་ཚུ་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོཔ་འདུག་ཟེར་ཨིན་པས།
གལ་སྲིད་ ས་གནས་ཀྱི་དབང་འཛིན་གྱིས་ ཌཱན་ཊག་དང་ ས་སྣུམ་བཀྲམ་སྤེལ་ལྟེ་བ་ དེ་ལས་ འཛུལ་སྒོ་གཙོ་ཅན་གྱི་ ཉེ་འདབས་ལུ་ཡོད་པའི་ ཁྲིམས་སྲུང་འགག་པའི་ ས་ཁོངས་ཤ་ཆས་ཅིག་ ས་གནས་གཞན་ཁར་ སྤོ་བཤུད་འབད་ནིའི་ གཙོ་རིམ་བཟུང་པ་ཅིན་ ཞབས་ཏོག་ལེ་ཤ་ཅིག་ གཞི་བཙུགས་འབད་ནིའི་ས་གོ་ཚུ་ འཐོབ་ཚུགས་ནི་མས་ཟེར་ ཚོང་པ་ཅིག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱོགས་༢ ཆ་ར་ལས་ སྣུམ་འཁོར་བཞག་སའི་ མཐུན་རྐྱེན་ལངམ་སྦེ་ཡོད་མི་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ཅིག་ བཟོ་སྐྲུན་འབད་ནི་ལུ་ འབྲུག་དང་ རྒྱ་གར་གཞུང་༢ མཉམ་འབྲེལ་འབད་དགོཔ་ འདུག་ཟེར་ཨིན་པས།
ལྟ་བཤལ་ལམ་སྟོན་པ་ཅིག་གིས་ བྱ་སྒོ་དང་ འཛུལ་སྒོ་ནང་ ཐོགས་ལུས་ཀྱི་དཀའ་ངལ་བྱུང་མི་ལུ་ དབུགས་འགམ་ཐོག་ལས་ སླབ་མིའི་ནང་ མ་གཞི་ ལྟ་བཤལ་ཐོན་འགྱོ་ནི་གི་ འབྲེལ་སྟེགས་ཡོད་རུང་ ཡིག་ཆ་ཚུ་བཟོ་བའི་སྐབས་ སྡོད་སའི་མཐུན་རྐྱེན་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གསང་སྤྱོད་མཐུན་རྐྱེན་ཡང་ མ་བདེ་ཁག་ཁག་སྦེ་ རྐྱབ་སྟེ་ཡོདཔ་མ་ཚད་ སྤྱིར་བཏང་ འཛུལ་སྒོ་ནང་ཡོད་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ཡང་ ལྟ་སྐོརཔ་ཚུ་གི་དོན་ལུ་ ལངམ་སྦེ་མིན་འདུག་ཟེར་ཨིན་པས།
ཨ་རྟག་ར་ རྒྱུན་འགྲུལ་འཐབ་མི་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ས་མཚམས་ཀྱི་སྒོ་ར་དེ་ དམིགས་བསལ་ རེས་གཟའ་ཉི་མ་དང་ ཟླ་བ་ དེ་ལས་ ངལ་གསོའི་སྐབས་ མི་སྤུངས་འཛོམས་འབད་བའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
འཛུལ་སྒོའི་ཕྱོགས་༢ ཆ་ར་ ཌཱན་ཊག་གིས་ བདག་བཟུང་འབད་དེ་ཡོདཔ་ད་ རྒྱ་གར་དང་ འབྲུག་གཞུང་༢ མཉམ་འབྲེལ་འབད་དེ་ ཌཱན་ཊག་དེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་བ་ཅིན་ དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་མ་ཚད་ རྒྱལ་ཁབ་༢ ཆ་ར་ལུ་ ཁེ་ཕན་འབྱུང་ཚུགས་ཟེར་ཨིན་པས།
ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དཱ་རང་ག་ཁྲོམ་ལས་ བསམ་གྲུབ་ལྗོངས་མཁར་འཛུལ་སྒོ་ནང་འོང་སའི་ འཁོར་ལམ་དེ་ རྒྱ་ཆུང་ཀུ་དང་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་བརྒལ་ཏེ་ ས་སྣུམ་འཁོར་བཞག་ས་ ཚད་གཅིག་ལས་བརྒལ་མེདཔ་ལས་ སྣུམ་འཁོར་ཐོགས་ལུས་ཀྱི་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལ་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་ གོང་འཕེལ་གྱི་ལས་སྣ་ཚུ་ཡང་ གཙུག་སྡེ་དང་ ལས་སྡེ་ཚུ་གིས་ ས་ཆ་བདག་དབང་དང་ གཞུང་གི་ས་ནང་ སྡོད་མི་ལུ་བརྟེན་ འབད་མ་ཚུགས་པར་ ལུས་ནུག་ཟེར་ཨིན་པས།
ཁྲོམ་སྡེ་གིས་ ཌཱན་ཊག་ལུ་ མོ་ཏང་ག་ལུ་ སྤོ་བཤུད་འབད་དགོཔ་སྦེ་ སླབ་ཡོད་རུང་ ད་རེས་ ངོས་ལེན་དང་ ལན་གསལ་ག་ནི་ཡང་ མེདཔ་ཨིན་པས།
བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱི་ ལོ་བསྟར་འཆར་གཞི་ནང་ བསམ་གྲུབ་ལྗོངས་མཁར་འཛུལ་སྒོ་ནང་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་གསརཔ་ཅིག་རྐྱབ་ནི་ ཚུད་དེ་ཡོད་མི་ཡང་ བློན་ཆེན་གྱི་ ཡིག་ཚང་ལུ་ གོང་འཕེལ་གྱི་ལས་སྣ་གཙོ་ཅན་ཅིག་སྦེ་ ཕུལ་ཏེ་ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ འཆར་གཞི་གི་ ས་ཁྲ་དང་ བཟོ་བཀོད་ཚུ་ རྩིས་ལོ་༢༠༢༥-༢༦ ལུ་ འབད་ནི་སྦེ་ བཞག་སྟེ་ཡོདཔ་ད་ ཕུན་ཚོགས་གླིང་གི་ རྐང་འགྲུལཔ་འཐོན་འཛུལ་དང་ གཅིག་སྒྲིལ་ཞིབ་དཔྱད་སྒོ་རའི་ བཟོ་བཀོད་ཀྱི་ཉམས་མྱོང་ལེན་ཏེ་ བསམ་གྲུབ་ལྗོངས་མཁར་ལུ་ དེང་སང་མཐུན་རྐྱེན་དང་ མདུན་སྐྱོད་ཅན་གྱི་ གཞི་རྟེན་མཐུན་རྐྱེན་ཚུ་རྐྱབ་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ བཤད་མིའི་ནང་ བཟོ་བཀོད་དང་ བཟོ་སྐྲུན་ཚུ་ཡང་ ས་གོ་ཐོབ་སྤྱོད་དང་ ས་ཁོངས་ཀྱི་ གནས་སྟངས་དང་འཁྲིལ་ཏེ་ འགྱོ་ནི་ཨིནམ་ད་ རྩིས་ལོ་༢༠༢༥-༢༦ ལུ་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ བརྒྱ་ཆ་༡༠ རྐྱབ་ཚར་ནི་གི་ ལས་འཆར་ཡོད་ཟེར་ཨིན་པས།
རྒྱ་གར་གཞུང་གི་ རྒྱབ་སྐྱོར་ཐོག་ལས་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ བཟོ་སྐྲུན་འབད་ནི་ལུ་ དངུལ་ཀྲམ་ས་ཡ་༣༠༠ ཚོད་རྩིས་བཏོན་ཏེ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།