༉ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ འཐོན་འཛུལ་འབད་ནིའི་དོན་ལུ་ ས་མཚམས་ཁྲོམ་ཚོགས་ བསམ་གྲུབ་ལྗོངས་མཁར་ལུ་ ཕྱི་མི་ནང་སྐྱོད་ཞིབ་དཔྱད་སྒོ་ར་ཅིག་ འཕྲལ་མགྱོགས་ར་ སྒོ་ཕྱེ་ནི་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསལ་བསྒྲགས་འབད་ཡོདཔ་ད་ ད་རེས་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ ཕུན་ཚོགས་གླིང་གི་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ལས་རྐྱངམ་གཅིག་ འཐོན་འཛུལ་འབད་ཡོདཔ་ཨིན་པས།
ངང་ལམ་གྱི་འཐུས་མི་ བླམ་དྲག་དབང་འདུས་ཀྱིས་ ཞུ་མིའི་ནང་ ལྟ་བཤལ་དེ་ རྒྱལ་ཁབ་ནང་ འོང་འབབ་བཟོ་མི་ ལས་སྡེ་སྦོམ་ཤོས་ཅིག་ཨིན་པའི་ཁར་ གཞུང་གིས་འབད་རུང་ ལོ་བསྟར་རྒྱལ་སྤྱིའི་ལྟ་བཤལཔ་བརྒྱ་ཆ་༥༠ བརྩིས་ཏེ་ ལྟ་བཤལཔ་༣༠༠,༠༠༠ འཁྱིད་འོང་ནི་གི་ ཁས་བླངས་འབད་དེ་ཡོད་ཟེར་ཨིན་པས།
ཨིན་རུང་ འཐུས་མི་གིས་འབད་བ་ཅིན་ ད་རེས་ ལམ་ཐང་རིང་མི་དང་ མཐུན་རྐྱེན་མེད་མི་ལུ་བརྟེན་ ལྟ་བཤལཔ་དག་པ་ཅིག་ལས་བརྒལ་ ཤར་ཕྱོགས་དང་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ འོང་ནི་མིན་འདུག་ཟེར་ཞུ་ཡི།
བླམ་དྲག་དབང་འདུས་ཀྱིས་ དཔལ་འབྱོར་གོང་འཕེལ་དང་ ལྟ་བཤལཔ་འཁྱིད་འོང་ནི་དེ་ རྒྱལ་ཁབ་ནང་ འདྲ་མཉམ་བཟོ་དགོཔ་ ཁག་ཆེ་དྲགས་ཅིག་ཨིནམ་ད་ ཇོ་མོ་གཙང་ཁ་དང་ ངང་ལམ་ པཱན་སྦང་ དེ་ལས་ བསམ་རྩེའི་ས་མཚམས་ཚུ་ནང་ འཐོན་འཛུལ་ཞིབ་དཔྱད་སྒོ་ར་ གཞི་བཙུགས་འབད་དགོཔ་དེ་ གལ་ཅན་ཨིན་ཟེར་ཞུ་ཡི།
འཐུས་མི་གིས་ ས་མཚམས་ཁྲོམ་ཚོགས་ནང་ ཕྱི་མི་ནང་སྐྱོད་ཞིབ་དཔྱད་སྒོ་ར་ གཞི་བཙུགས་ཀྱི་གནས་སྟངས་དང་ ལུང་ཕྱོགས་འདྲ་མཉམ་སྦེ་ ལྟ་བཤལ་གོང་འཕེལ་གཏང་ནི་ དེ་ལས་ དཔལ་འབྱོར་ཡར་དྲག་གི་ སྲིད་བྱུས་སྐོར་ལས་ བློན་ཆེན་ལུ་ དྲི་བཀོད་འབད་ཡི།
གནད་དོན་དེ་ལུ་ བློན་ཆེན་གྱིས་ ཞུ་མིའི་ནང་ ས་གོ་ལ་ལོ་ཅིག་ནང་ ཞིབ་དཔྱད་སྒོ་ར་ གཞི་བཙུགས་འབད་དེ་ ལྟ་བཤལཔ་ཚུ་ འོང་ནི་འགོ་བཙུགས་ཏེ་ཡོདཔ་ད་ རྒྱ་གར་གྱི་ ལྟ་བཤལཔ་ཚུ་ཡང་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ཡུན་བརྟན་གོང་འཕེལ་གྱི་འཐུས་མི་ བྱིན་མ་དགོ་པར་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞིབ་དཔྱད་སྒོ་ར་དེ་ ལྟ་བཤལཔ་འཐོན་འཛུལ་རྐྱངམ་གཅིག་མེན་པར་ ཚོང་འབྲེལ་གྱི་དོན་ལུ་ཡང་ ལག་ལེན་འཐབ་སྟེ་ཡོདཔ་ད་ འཕྲལ་མགྱོགས་ར་ བསམ་གྲུབ་ལྗོངས་མཁར་ལུ་ ཞིབ་དཔྱད་སྒོ་ར་ སྒོ་ཕྱེ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་གཞུང་གི་ཁ་ཐུག་ལས་འབད་རུང་ ཞིབ་དཔྱད་སྒོ་ར་ སྒོ་ཕྱེ་ནིའི་དོན་ལུ་ རྩ་འགེངས་པའི་བསྒང་འདུག་ཟེར་ བློན་ཆེན་གྱིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ནང་ ལྟ་བཤལ་པའི་ཞབས་ཏོག་ ལེགས་ཤོམ་བཟོ་ཐོག་ལས་ གཞུང་གིས་ ལོ་བསྟར་ལྟ་བཤལཔ་༣༠༠,༠༠༠ འཁྱིད་འོང་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཨིན་རུང་ ལྟ་བཤལ་པའི་སྤུས་ཚད་ལུ་ ཚ་གྱང་ཡོདཔ་ད་ གཞུང་གིས་ སྤུས་ཚད་ལྡན་པའི་ ལྟ་བཤལཔ་ཚུ་འཁྱིད་འོང་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ད་ ལུང་ཕྱོགས་འདྲ་མཉམ་སྦེ་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ འཆར་གཞི་༡༣ པའི་ནང་ ཤར་ནུབ་ཀྱི་གཞུང་ལམ་དེ་ རྒྱ་སྐྱེད་འབད་འོང་ཟེར་ཨིན་པས།
བློན་ཆེན་གྱིས་ ཞུ་མིའི་ནང་ ཤར་ཕྱོགས་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ཡར་དྲག་གཏང་ནིའི་ ལས་རིམ་ཡོདཔ་ད་ ད་རེས་ ཧེ་ལི་ཀོབ་ཊར་གསརཔ་ཅིག་ རྒྱལ་ཁབ་ནང་ ལྷོད་དེ་ཡོད་པའི་ཁར་ གནམ་གྲུ་གཞན་ཅིག་ འཕྲལ་མགྱོགས་ར་ རྒྱལ་ཁབ་ནང་ ལྷོད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ལེ་ཤ་ཤོང་ཚུགས་པའི་ ཧེ་ལི་ཀོབ་ཊར་༡ མཁོ་སྒྲུབ་འབད་ནིའི་འོས་འབབ་ཚུ་ ལྟ་བའི་བསྒང་ཡོདཔ་ད་ གཞུང་གིས་ རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་ཚུ་ཡང་ ལྟ་བའི་བསྒང་ཡོད་ཟེར་ཞུ་ཡི།
བཀྲིས་གཡང་རྩེ་དང་ བཀྲིས་སྒང་དང་ མོང་སྒར་ ལྷུན་རྩེ་ དེ་ལས་ གཞལམ་སྒང་བརྩིས་ཏེ་ རྫོང་ཁག་༥ ནང་ འཛམ་གླིང་རང་བཞིན་གནས་སྟངས་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ སྐྱེ་ལྡན་ལྟ་བཤལ་ལས་འགུལ་ རྒྱབ་སྐྱོར་འབད་ནིའི་ ལས་རིམ་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ ཞུ་མིའི་ནང་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ལྟ་བཤལ་གི་ ས་ཁོངས་བཟོ་ནིའི་ དམིགས་བསལ་གྱི་ ལས་རིམ་ཚུ་ཡོདཔ་ད་ གཞུང་གིས་ རང་སོའི་རྫོང་ཁག་ཚུ་ནང་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ ཐབས་ལམ་ཚུ་ བསྒྲིག་དགོཔ་སྦེ་ རྫོང་བདག་ཚུ་ལུ་ འགན་ཁུར་བྱིན་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།