༉ བསམ་རང་གིས་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ལྟེ་བ་ཅིག་སྦེ་ བཟོ་ནིའི་དམིགས་གཏད་ཡོད་རུང་ གཞུང་གི་རྒྱབ་སྐྱོར་ལུ་ རག་ལས་ནི་ཨིན་པས།
བསམ་རང་ལུ་ སྐྱེ་ལྡན་རིགས་སྣ་དང་ ས་ཆའི་དབྱིབས་ལས་འབད་རུང་ ལེགས་ཤོམ་ཡོདཔ་མ་ཚད་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི་དང་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནིའི་ འོས་འབབ་སྦོམ་ཡོདཔ་ཨིན་པས།
རྒེད་འོག་གིས་ འགོ་འདྲེན་འཐབ་མི་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ནང་ བྱ་རིགས་བལྟ་ནི་དང་ མཚོ་ལྟ་སྐོར་ དེ་ལས་ ནུབ་མོ་སྒར་བཅགས་སྡོད་ནིའི་ ལས་རིམ་ཚུ་ཡོདཔ་བཞིན་དུ་ ཡུན་བརྟན་དང་ མི་སྡེའི་གྲལ་གཏོགས་ཚུ་ སྒྲིང་སྒྲི་ཡོདཔ་ཨིན་པས།
བསམ་རང་རྒཔོ་ འཇིགས་མེད་སེངྒེ་འབྲུག་པ་གིས་ སླབ་མིའི་ནང་ ལུང་ཕྱོགས་ནང་ རང་བཞིན་གནས་སྟངས་ཡང་ མཛེས་ལྡན་སྦེ་ཡོད་པའི་ཁར་ སྐྱེ་ལྡན་རིགས་སྣ་ཚུ་ ལེགས་ཤོམ་ཡོདཔ་ལས་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ལྟེ་བ་ཅིག་བཟོ་ནི་ལུ་ འོས་འབབ་སྦོམ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་རིམ་གྱི་ དམིགས་ཡུལ་དེ་ཡང་ ལྟ་བཤལཔ་ཚུ་ ས་གནས་ནང་ འོང་ནི་ལུ་ སེམས་ཤུགས་བྱིན་ཏེ་ དམིགས་བསལ་དུ་ ཡུན་བརྟན་གྱི་ ལཱ་གཡོག་ཐོག་ལས་ མི་སྡེའི་ན་གཞོན་ཚུ་ལུ་ དབང་ཆ་བྱིན་ནི་དེ་ ཨིན་ཟེར་ཨིན་པས།
ན་གཞོན་ཚུ་ལུ་ དགོས་མཁོ་ཅན་གྱི་ རིག་རྩལ་བྱིན་ཏེ་ ཤེས་རིག་གོང་འཕེལ་དང་ རང་ལུགས་ཀྱི་ ལམ་སྲོལ་ཚུ་ ཉམས་སྲུང་དང་ མ་འོངས་མི་རབས་ཀྱི་དོན་ལུ་ རང་བཞིན་གནས་སྟངས་ ཉེན་སྲུང་འབད་ནི་ལུ་ཡང་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
གལ་སྲིད་ ལས་འགུལ་དེ་ མཐར་འཁྱོལ་འབྱུང་པ་ཅིན་ མི་སྡེའི་ན་གཞོན་ཚུ་གི་དོན་ལུ་ ལམ་སྟོན་པ་དང་ སྡོད་གནས་ དེ་ལས་ རྒྱུན་སྐྱོདང་འབྲེལ་བའི་ ལཱ་གཡོག་གི་ གོ་སྐབས་ལེ་ཤ་བཟོ་ཚུགས་ནི་ཨིན་པས།
དེ་མ་ཚད་ ཚོང་འབྲེལ་པ་ཚུ་ལུ་ བཟའ་འཐུང་བཀྲམ་སྤེལ་དང་ སྐྱེལ་འདྲེན་ཞབས་ཏོག་ལུ་ རྒྱབ་སྐྱོར་འབད་ཐོག་ལས་ མི་སྡེ་དཔལ་འབྱོར་གོང་འཕེལ་ཡང་ གཏང་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
འཇིགས་མེད་སེངྒེ་འབྲུག་པ་གིས་ སླབ་མིའི་ནང་ ལས་རིམ་དེ་ འབྲུག་ལྟ་བཤལ་ལས་ཁུངས་ལུ་ གྲོས་འཆར་བཙུགས་ཏེ་ཡོདཔ་ད་ ལས་འགུལ་དེ་ ན་གཞོན་ལཱ་གཡོག་ མ་ཐོབ་མི་ཚུ་དོན་ལུ་ མཁོ་ཆེ་བའི་ ལས་རིམ་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་ནང་ སློབ་རིམ་༨ དང་༡༠ པ་ དེ་ལས་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ ན་གཞོན་མང་ཤོས་ཅིག་ ལཱ་གཡོག་མེད་པར་ དེ་སྦེ་ར་ཡོད་ཟེར་ཨིན་པས།
སྐྱེ་ལྡན་གནས་སྟངས་ལྟ་བཤལ་གྱིས་ རང་བཞིན་གནས་སྟངས་ཡུན་བརྟན་དང་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་དང་མཐུན་པའི་ གཞི་རྟེན་མཐུན་རྐྱེན་ དེ་ལས་ རི་དྭགས་སེམས་ཅན་ཚུ་ལུ་ ངོས་ལེན་འབད་བའི་ ལས་སྣ་ཚུ་ལུ་ གཙོ་རམ་བཟུང་སྟེ་ ཡོདཔ་ཨིན་པས།
པི་ཐེ་མཱན་ རའེ་གིས་ རྒེད་འོག་དེ་ འབྲུག་དང་ རྒྱ་གར་གྱི་ ས་མཚམས་གུ་ཡོདཔ་ལས་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ ལྟ་བཤལ་འོང་ནི་ འོས་འབབ་སྦོམ་ཡོདཔ་ད་ གལ་སྲིད་ ལྟ་བཤལཔ་ཚུ་གི་དོན་ལུ་ ས་མཚམས་སྒོ་ར་ ཕྱེ་པ་ཅིན་ རྒེད་འོག་ལུ་ ཁེ་ཕན་སྦོམ་སྦེ་ར་ ཐོབ་ཚུགས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གོ་ཧ་ཊི་ཡང་ ཉེ་འདབས་ལུ་ཡོདཔ་ལས་ ཚོང་འབྲེལ་གྱིས་ དྲུང་ཁག་དང་ རྒེད་འོག་༢ ཆ་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ས་གནས་ཀྱི་མི་སེར་ གང་ག་སིང་ཆེ་ཏི་རི་གིས་ སླབ་མིའི་ནང་ གལ་སྲིད་ བསམ་རང་ལུ་ གནམ་གྲུ་ཐང་ཅིག་ གཞི་བཙུགས་འབད་བ་ཅིན་ ཁེ་ཕན་རྐྱངམ་གཅིག་མེན་པར་ ལྟ་བཤལཔ་ཚུ་ གནམ་གྲུ་ནང་འོང་སྟེ་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་ལུ་ཡང་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་པས།
རྒེད་འོག་གིས་ རང་བཞིན་གནས་སྟངས་དབྱེ་ཞིབ་དང་ གཞི་རྟེན་མཐུན་རྐྱེན་རྐྱབ་ནི་ དེ་ལས་ མི་སྡེ་འབྲེལ་འཛིན་དང་ ཚོང་ལམ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༧.༧ གྲོས་འཆར་བཙུགས་ཏེ་ ཡོདཔ་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ལས་འགུལ་དེ་ ཡུན་བརྟན་དང་ མཐར་འཁྱོལ་འབྱུང་ནིའི་དོན་ལུ་ འཆར་གཞི་ཡང་ ལེགས་ཤོམ་འབད་དེ་ཡོདཔ་ད་ རང་བཞིན་གནས་སྟངས་དབྱེ་ཞིབ་ལས་ མི་སྡེ་སྦྱོང་བརྡར་ཚུ་ཡང་ རང་བཞིན་གནས་སྟངས་དང་ བསམ་རང་གི་ མི་སེར་ཚུ་གི་ ཁེ་ཕན་ཚུ་ བལྟ་སྟེ་བཟོ་སྟེ ཡོད་ཟེར་ཨིན་པས།
རྒེད་འོག་གིས་ དཔལ་འབྱོར་ཡར་དྲག་དང་ རང་བཞིན་གནས་སྟངས་འདྲ་མཉམ་བཟོ་ནི་ལུ་ ཁས་ལེན་འབད་དེ་ཡོདཔ་ད་ ལས་རིམ་དེ་ལས་ འོང་འབབ་བཟོ་མི་ཚུ་ ཉམས་སྲུ་དང་ མི་སྡེ་གོང་འཕེལ་གཏང་ནི་ལུ་ ལོག་སྟེ་མ་རྩ་གཞི་བཙུགས་ འབད་འོང་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ ལ་ཚུ་གཅིག་རུབ་ཐོག་ལས་འབད་དེ་ ན་གཞོན་ཚུ་ལུ་ གཡུས་ཁར་སྡོད་ནི་གི་ སེམས་ཤུགས་བྱིན་ཏེ་ མ་འོངས་ཡུན་བརྟན་གྱི་ མི་སྡེ་ཅིག་བཟོ་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
བསམ་རང་རྒེད་འོག་དེ་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེའི་ཉེ་འདབས་ལུ་ ཆགས་ཏེ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།