༉ བསམ་གྲུབ་ལྗོངས་མཁར་ལུ་ སྲིད་དོན་གྱི་ རྩོད་རྙོགས་ནང་ཚུད་མི་ ས་ཆ་ཨེ་ཀར་༨༠༠ འབད་མི་ གཅིག་སྒྲིལ་སྒོ་ནོར་ཐོན་སྐྱེད་སྡེ་ཚན་དེ་ ད་རེས་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ འཕྲོ་མཐུད་དེ་ར་ ལཱ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
གཞུང་གིས་ སྒོ་ནོར་གསོ་སྐྱོང་ཁང་དེ་ ལོག་ཡར་དྲག་གཏང་ནིའི་དོན་ལུ་ དཔལ་འབྱོར་ལྷན་ཐབས་འཆར་གཞི་ཐོག་ལས་ དངུལ་ཀྲམ་ས་ཡ་༤༠ བགོ་བཀྲམ་འབད་ཡོདཔ་ད་ དེ་ནང་ བྱི་ཅུང་བཏོན་ཁང་དང་ བྱ་བཞག་སའི་ཁང་མིག་ དེ་ལས་ གཞན་ཚུ་ཡང་ ཡར་དྲག་གཏང་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ད་རེས་ གཅིག་སྒྲིལ་སྒོ་ནོར་ཐོན་སྐྱེད་སྡེ་ཚན་ནང་ བྱ་དང་ ནོར་ ཉ་ དེ་ལས་ ཕགཔ་གསོ་སྐྱོང་སྡེ་ཚན་ཚུ་ ཡོདཔ་ཨིན་པས།
སྒོ་ནོར་གསོ་སྐྱོང་སྡེ་ཚན་དེ་ བརྒྱ་ཆ་༦༧ དེ་ཅིག་ ལག་ལེན་འཐབ་དོ་ཡོདཔ་མ་ཚད་ ལོ་བསྟར་བཞིན་དུ་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
སྒོ་ནོར་གསོ་སྐྱོང་ཁང་དེ་ནང་ ཇར་སི་བ་༦༧ ཡོདཔ་ད་ དེ་གི་གྲངས་སུ་ ཨོམ་བཞོ་ནི་ཡོད་མི་༡༨ དང་ ཕྱུག་གུ་འཚའ་ནི་ཡོད་མི་༦ བ་ཐམ་༣༤ དེ་ལས་ བོའུ་ཅུང་༩ ཡོདཔ་ཨིན་པས།
གནམ་བྱཱར་ལུ་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༡༢༠ དང་ གནམ་དགུན་ལུ་ ཨོམ་ལི་ཊར་༨༠ ཀྱི་བར་ན་ ཐོན་སྐྱེད་འབད་དོ་ཡོདཔ་ལས་ རྒྱ་གར་ལུ་ ཨོམ་བཙོང་ནི་ འགོ་བཙུགས་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཨོམ་དེ་ ས་གནས་ཀྱི་ཚོང་འབྲེལ་དོན་ལུ་ མར་དང་ དར་ཚིལ་བཟོ་དོ་ཡོདཔ་ཨིན་མས།
གསོ་སྐྱོང་སྡེ་ཚན་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྡེ་ཚན་གྱི་ དམིགས་གཏད་ངོ་མ་ར་ སྒོ་ནོར་གསོ་སྐྱོང་འབད་ནིའི་ སྤྲོ་བ་ཡོད་མི་ཚུ་ལུ་ བ་ཐམ་བཀྲམ་སྤེལ་འབད་ནི་དེ་ ཨིན་ཟེར་ཨིན་པས།
སྒོ་ནོར་གསོ་སྐྱོང་སྡེ་ཚན་དེ་ ཧེ་མ་དང་ཕྱདཔ་ད་ ཡར་དྲག་འགྱོ་དོ་ཡོདཔ་ད་ དེ་ཡང་ སྒོང་རྡོག་བུད་མི་བཱམོ་༡༣,༣༨༠ དང་ བྱི་ཅུང་༧,༢༠༠ ཡོདཔ་ད་ ཉིན་བསྟར་བཞིན་དུ་ སྒོང་རྡོག་༡,༢༦༠ དེ་རེ་ ཐོན་སྐྱེད་འབད་མི་ཚུ་ ཤར་ཕྱོགས་ཁ་ཐུག་གི་ ཚོང་པ་ཚུ་དང་ ཚོང་ཁང་ཚུ་ནང་ བཙོང་དོ་ཡོདཔ་ཨིན་པས།
སྒོ་ནོར་གསོ་སྐྱོང་སྡེ་ཚན་དེ་གིས་ ཟླཝ་རེ་ལུ་ བྱི་ཅུང་༦༠,༠༠༠ ཐོན་སྐྱེད་འབད་ནིའི་ ལྕོགས་གྲུབ་ཡོད་རུང་ འཆར་དངུལ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཐོན་སྐྱེད་འབད་ནི་ལུ་ ཡུན་འགྱངས་ལུས་ཡོདཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བྱི་ཅུང་བཏོན་ཁང་དེ་ འཕྲལ་མགྱོགས་ར་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིནམ་ད་ དེ་གིས་ སོ་ནམ་པ་ཚུ་ལུ་ མཁོ་སྤྲོད་འབད་ཚུགས་ནི་ཨིན་པས།
ཉ་གསོ་སྐྱོང་ཁང་དེ་ དམིགས་གཏད་ཅན་གྱི་ ས་གོ་གཞན་ཅིག་ཨིནམ་ད་ ཉ་གསོ་སྐྱོང་འཐབ་མི་ ཆུ་རྫིང་༣༢ ཡོད་མི་དེ་གིས་ ལོ་བསྟར་བཞིན་དུ་ ཉ་མེ་ཊིག་ཊཱོན་༦༥ ཐོན་སྐྱེད་འབད་ཚུགས་ནི་ཨིནམ་ད་ ད་ལྟོ་ ཆུ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཆུ་རྫིང་༡༥ རྐྱངམ་གཅིག་ ལག་ལེན་འཐབ་ཚུགས་ཡོདཔ་ཨིན་པས།
གཅིག་སྒྲིལ་སྒོ་ནོར་ཐོན་སྐྱེད་སྡེ་ཚན་གྱིས་ ཕགཔ་གསོ་སྐྱོང་ལས་འགུལ་ཡང་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ཕགཔ་༡༠༠ ལས་འགོ་བཙུགས་ཏེ་ ལོ་བསྟར་བཞིན་དུ་ ཕག་ཤ་མེ་ཊིག་ཊཱོན་༡༢༨ ཐོན་སྐྱེད་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
དེ་མ་ཚད་ ཉེ་འདབས་ཀྱི་ མི་སྡེ་ཚུ་ནང་ ཕགཔ་གསོ་སྐྱོང་འཐབ་མི་ སོ་ནམ་པ་ཚུ་ལུ་ ཕགཔ་གསོ་སྐྱོང་འཐབ་ནིའི་ རྒྱབ་སྐྱོར་འབད་ནི་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement