༉ བསམ་རྩེ་གི་ཁྲོམ་དེ་ དེང་སང་ལམ་ལུགས་ཀྱི་ཐོག་ལུ་ བཟོ་ནིའི་དམིགས་འཆར་བསྐྱེད་མི་དེ་ ད་རེས་འབད་བའི་བསྒང་ལས་ གཞི་རྟེན་མཁོ་ཆས་ཀྱི་ གདོང་ལེན་སྦོམ་ར་བྱུང་ཡོད་མི་ལུ་བརྟེན་ ས་གནས་ནང་སྡོད་མི་ཚུ་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས།
སྤྱི་ལོ་༡༩༦༠ ལས་ འགོ་བཙུགས་མི་ཁྲོམ་སྡེ་ སྤྱི་ལོ་༢༠༡༤ ལུ་ གོང་འཕེལ་གྱི་ ལས་སྣ་ཚུ་སྦོམ་སྦེ་ར་ འབད་ཡོདཔ་ད་ དེ་ཡང་ ཁྲོམ་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠༩ ཟད་འགྲོ་བཏང་ཡོད་རུང་ ད་རེས་འབདཝ་ད་ ཡར་དྲག་བཟོ་ནིའི་དོན་ལུ་ དགོས་མཁོ་ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ཨིན་པས།
གནམ་བྱཱར་ཆར་པའི་དུས་ཚོད་ལུ་ ཁྲོམ་དེ་ནང་ བཙོག་གཡུར་ལེགས་ལྡན་མེད་ནི་དེ་གིས་ བཙོག་ཆུ་ཚུ་ འཁོར་ལམ་བདའ་སྟེ་ ཐོན་འོང་དོ་ཡོདཔ་ད་ དམིགས་་བསལ་གྱི་ ཧིན་དྷུ་ལྷ་ཁང་ནང་ལས་ཕར་ བཙོག་ཆུ་ཚུ་འོང་དོ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བཙོག་གཡུར་བདའ་སྟེ་ ཕྱགས་སྙིགས་རག་རོ་ཚུ་གིས་ བསུབས་པའི་བསྒང་ལས་ བཙོག་ཆུ་ཐོགས་ཏེ་ ལུད་འོང་མི་གིས་ དཀའ་ངལ་ཚུ་ བྱུངམ་མས་ཟེར་ཨིན་པས།
བཙོག་གཡུར་རིམ་ལུགས་དེ་ ལེགས་ལྡན་མེད་པའི་དཀའ་ངལ་ཚུ་ ཡུན་རིངམོ་སྦེ་ར་ ཐོན་སྡོད་ཅི་ཟེར་ ས་གནས་ཀྱི་ཟ་ཁང་ཇོ་བདག་གིས་ བཤད་པའི་ཁར་ ང་བཅས་ཀྱིས་ གནས་སྐབས་ཀྱི་དོན་ལུ་ ཆརཔ་གི་ཆུ་ཚུ་ ཚོང་ཁང་ནང་ མ་འཛུལ་ནིའི་ཐབས་ཤེས་བཏོན་ཏེ་ ཐབས་བྱུས་བཏོན་བཞིན་དུ་ཡོད་ཟེར་ཨིན་པས།
ཕམ་ཚུ་གིས་ དམིགས་བསལ་གྱི་ ཚ་གྱང་ཅིག་དེ་ ཁོང་རའི་ཨ་ལོ་ཚུ་ བཙོག་གཡུར་ཁབ་ཏོ་མ་བཅད་པར་ ག་ལྷོད་བཞག་མི་ལུ་བརྟེན་ ཉེན་སྲུང་མིན་འདུག་ཟེར་ཨིནམ་ད་ བཙོག་གཡུར་དེ་གིས་ ཨ་ལོ་ཚུ་ལུ་ ཉེན་ཁ་སྦོམ་ར་ཡོདཔ་ལས་ ཨ་ལོའི་ཕམ་ཅིག་གིས་ བཤད་མིའི་ནང་ ཁྲོམ་སྡེ་གིས་ གནད་དོན་དེ་ལུ་ འཕྲལ་ར་ངོས་ལེན་འབད་དེ་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ཨིན་པས།
ཁྲོམ་ལམ་གྱི་དཀའ་ངལ་ལུ་བརྟེན་ ད་རེས་ འཕྲལ་ཁམས་ཅིག་ཁར་ རྩི་ནག་བཏང་མི་ འཁོར་ལམ་དེ་ཡང་ ཧོག་ཀ་ཐོན་ཏེ་ འདུག་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ཚུ་གིས་ རྫོང་ཁག་བཟོ་རིག་ཁ་ཐུག་ལས་ སྣང་མེད་དང་ ལྟ་རྟོག་འབད་ནི་མེད་པའི་སྐོར་ལས་ སྐྱོན་བརྗོད་འབད་དོ་ཡོདཔ་ད་ འཁོར་ལམ་གྱི་སྤུས་ཚད་དེ་ སྐྱོ་དྲག་ཡོད་པའི་གུ་ འཁོར་ལམ་གྱི་ སྤུས་ཚད་ལྟ་རྟོག་འབད་མི་ཡང་ མིན་འདུག་ཟེར་ ས་གནས་ནང་སྡོད་མི་ཅིག་གིས་ བཤདཔ་ཨིན་པས།
ད་རུང་ བསམ་རྩེ་ཁྲོམ་ཁར་ མཆོད་རྟེན་ཅིག་ བཟོ་སྐྲུན་འབད་མི་དེ་ ལཱ་གི་གྲུབ་འབྲས་ཚུ་ ལྷོད་འགྱངས་ཐོག་ལུས་མི་ལུ་ སེམས་དང་མ་ལྡན་མི་དེ་ཡང་ བདུན་མཐའི་ཚོང་ཁྲོམ་དེ་ ཐལཝ་དང་ འདམ་ཁོ་ཁོ་སྦེ་ ལུས་ནི་དེ་གིས་ ཨིན་ཟེར་ཨིན་པས།
བཀྲིས་ཆོས་གླིང་ལམ་རྒྱ་འགྲམ་དང་ བསམ་རྩེ་སྨན་ཁང་གི་བར་ནང་ འཁོར་ལམ་གྱི་ཟུར་བདའ་ཡོད་མི་ རྐང་ལམ་ཚུ་བདའ་སྟེ་ ཧོན་སྡོང་གིས་གང་མི་དང་ ཁྲོམ་གྱི་མེ་ཏོག་ལྡུམ་ར་ཚུ་ བདག་འཛིན་མེད་པར་བཞག་པའི་ཁར་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་བཞག་མི་ལུ་ སེམས་དང་མ་ལྡནམ་ཨིན་པས།
ང་བཅས་ཀྱི་ཁྱིམ་ཚང་ཁྲོམ་ གསར་སྤང་དང་ རྩི་རང་བཟུམ་ཅིག་འབད་བ་ཅིན་ ཁྲོམ་གོང་འཕེལ་ཚུ་ ལེགས་ཤོམ་བཟོ་སྟེ་འདུག་ཟེར་ གཞན་མི་ཅིག་གིས་ བཤད་པའི་ཁར་ ང་བཅས་ཀྱི་ བདག་སྐྱོང་གི་ཁ་ཐུག་ལས་ འབད་བརྩོན་མེད་པར་བཞག་མི་ལུ་བརྟེན་ བསམ་རྩེ་ཁྲོམ་དེ་ འཕྲོ་མཐུད་དེ་ར་ དཀའ་ངལ་ཚུ་བྱུང་འོང་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ ཁྲོམ་གྱི་གདོང་ལེན་དང་ དཀའ་ངལ་བྱུང་མི་ལུ་ སྣང་དག་མ་བསྐྱེད་པར་ རྩེདམོ་ཕུཊ་བཱོལ་འགྲན་བསྡུར་ འགོ་འདྲེན་འཐབ་ནི་ལུ་ གཙོ་བོར་བཏོན་སྡོདཔ་མས་ཟེར་ཨིན་པས།
ཁྲོམ་ཁ་ལུ་ འཐུང་ཆུའི་དཀའ་ངལ་ཚུ་ཡང་ ཐོན་བཞིན་དུ་ཡོད་པའི་ཁར་ འདམ་དུམ་ཆུ་རྐ་ནང་ལས་ ཆུ་འཐེན་འཕྲུལ་ཆས་བཙུགས་མི་དེ་ མེདཔ་ཐལ་ཏེ་ ཧ་ལམ་ ལོ་ལངམ་མས་ཟེར་ཨིན་པས།
འཐུང་ཆུ་མ་ལང་པའི་དཀའ་ངལ་དེ་ གནམ་དགུན་ལུ་ ཧེང་སྐལ་ར་ སྦོམ་འཐོན་དོ་ཡོདཔ་ལས་ ས་གནས་ནང་སྡོད་མི་ཚུ་གིས་ འཐུང་ཆུ་ཚུ་ གཙང་ཆུའི་ནང་ལས་ དབོག་སྟེ་ལག་ལེན་འཐབ་དོ་ཟེར་ཨིན་པས།
བསམ་རྩེ་རྫོང་ཁག་བདག་སྐྱོང་འགོ་དཔོན་ལུ་ ཉོགས་བཤད་ཚུ་ སྡེ་ཚན་གྱི་ཁ་ཐུག་ལས་ བཙུགས་བཞིན་དུ་ཡོདཔ་ད་ མི་སེར་ལ་ལོ་ཅིག་ ཉོགས་བཤད་བཀོད་ནི་ལུ་ཡང་ གཡང་ཟ་སྟེ་སྡོདཔ་མས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།