༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་༢༠༢༣-༢༤ ཅན་མ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ནད་ཡམས་ཐོན་པའི་སྐབས་ བསམ་རྩེ་རྫོང་ཁག་བདག་སྐྱོང་གིས་ ཀོ་བིཌ་-༡༩ འི་ བརྟག་དཔྱད་འཐུས་ བསྡུ་ལེན་འབད་མི་ དངུལ་ཀྲམ་ས་ཡ་༢.༣༡ ལོག་སྤྱོད་འབད་ཡོད་པའི་ མངོན་གསལ་བྱུང་ནུག།
བཀྲིས་གླིང་དྲུང་ཁག་གིས་ དངུལ་ཀྲམ་ས་ཡ་༢.༢ དང་ བསམ་རྩེ་རྫོང་ཁག་བདག་སྐྱོང་གིས་ དངུལ་ཀྲམ་༡༡༠,༠༠༠ ལོག་སྤྱོད་འབད་ཡོདཔ་ཨིན་པས།
ནད་ཡམས་སྐབས་ གཞུང་གི་ལམ་ལུགས་ནང་ ལས་སྡེ་དང་ ལས་གཡོག་ ཡང་ཅིན་ ངོ་རྐྱང་ཚུ་གིས་ ཕྱིའི་ལས་མི་དང་ ཡང་ཅིན་ འགྲོ་འགྲུལ་འབད་མི་ཚུ་ ནད་ཡམས་བརྟག་དཔྱད་འབདཝ་ད་ ཟད་འགྲོ་རང་གིས་ གཏང་དགོཔ་སྦེ་ ཡོདཔ་ཨིན་པས།
མ་གཞི་ ཨར་ཊི་-པི་སི་ཨར་བརྟག་དཔྱད་རེ་ལུ་ འཐུས་དངུལ་ཀྲམ་༣,༠༠༠ སྦེ་ བཟོ་ཡོད་རུང་ ཤུལ་ལས་ དངུལ་ཀྲམ་༡,༥༠༠ དང་ དངུལ་ཀྲམ་༥༠༠ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།
དབང་འཛིན་གྱི་ ཞིབ་རྟོག་དང་འཁྲིལ་བ་ཅིན་ བཀྲིས་ཆོས་གླིང་དྲུང་ཁག་བདག་སྐྱོང་གིས་ གསོ་བ་ལྷན་ཁག་དང་ རྒྱལ་ཡོངས་ཀོ་བིཌ་-༡༩ འི་ ལས་བྱེད་ཚོགས་ཆུང་དང་འཁྲིལ་ཏེ་ དངུལ་ཀྲམ་ས་ཡ་༢.༢༩ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཨིན་རུང་ མ་དངུལ་དེ་ཚུ་ འོང་འབབ་ལག་དེབ་༢༠༡༩ ཅན་མ་དང་འཁྲིལ་ཏེ་ གཞུང་གི་འོང་འབབ་རྩིས་ཁྲ་ནང་ མ་བཙུགས་པར་ཡོདཔ་ཨིན་པས།
མ་དངུལ་ཚུ་ཡང་ འབྲེལ་ཡོད་འགོ་དཔོན་གྱིས་ ལོག་སྤྱོད་འབད་དེ་ཡོདཔ་ད་ སྤྱི་ལོ་༢༠༢༢ ཟླ་༡༠ པའི་ནང་ རྫོང་ཁག་གསོ་བའི་ལས་ཚན་གྱིས་ གནད་དོན་དེ་ སེལ་ཐབས་འབད་དགོ་པའི་ བཀའ་རྒྱ་ཅིག་བཏང་རུང་ བཀྲིས་ཆོས་གླིང་རྫོང་ཁག་བདག་སྐྱོང་གིས་ བཀའ་རྒྱ་དེ་ལུ་ ངོས་ལེན་མ་འབད་བར་ བཞག་སྟེ་ཡོདཔ་ཨིན་པས།
དབང་འཛིན་གྱིས་ བཀོད་མིའི་ནང་ བསྡུ་ལེན་འབད་བའི་ མ་དངུལ་དེ་ གཞུང་གི་རྩིས་ཁྲ་ནང་ མ་བཙུགས་པར་ བཞག་པ་ཅིན་ འོང་འབབ་ལག་དེབ་ལས་ འགལ་བ་ཨིནམ་མ་ཚད་ འབྲེལ་ཡོད་འགོ་དཔོན་གྱིས་ ཁྲིམས་འགལ་འབད་བའི་ཁར་ དབང་འཛིན་གྱིས་ ལྟ་རྟོག་ལེགས་ཤོམ་མ་འབདཝ་སྦེ་ ངོས་ལེན་འབད་འོང་ཟེར་ཨིན་པས།
དབང་འཛིན་གྱིས་ རྫོང་ཁག་བདག་སྐྱོང་ལུ་ ཚུལ་མིན་འབད་བའི་ མ་དངུལ་ཚུ་ ཉེས་ཆད་སྐྱེད་བརྒྱ་ཆ་༢༤ ཐོག་ལུ་ བསྐྱར་རྙེད་འབད་དེ་ དབང་འཛིན་གྱི་བསྐྱར་རྙེད་རྩིས་ཁྲ་ནང་ བཙུགས་དགོ་པའི་ བཀའ་རྒྱ་བཏང་ཡོདཔ་ཨིན་པས།
གནད་དོན་ནང་ འབྲེལ་གཏོགས་འབད་མི་ འགོ་དཔོན་གྱིས་ མ་དངུལ་ནང་ རང་དོན་གྱི་དོན་ལུ་ ལོག་སྤྱོད་འབད་བའི་ ངོས་ལེན་འབད་དེ་ཡོདཔ་བཞིན་དུ་ སྐྱེད་དང་སྦྲགས་ཏེ་ ལོག་སྤྲོད་ནི་སྦེ་ ཁས་ལེན་འབད་དེ་ ཡོདཔ་ཨིན་པས།
དྲུང་ཁག་བདག་སྐྱོང་གིས་ དངུལ་ཀྲམ་༡༦༥,༠༠༠ དེ་ གཞུང་གི་འོང་འབབ་རྩིས་ཁྲ་ནང་ བཙུགས་ཡོད་རུང་ ཉེས་ཆད་སྐྱེད་བརྒྱ་ཆ་༢༥ སྦྲགས་ཏེ་ ལྷག་ལུས་དངུལ་ཀྲམ་༢.༡ དེ་ མ་བཙུགས་པར་ ཡོདཔ་ཨིན་པས།
དབང་འཛིན་གྱིས་ མ་དངུལ་ལོག་སྤྱོད་འབད་མི་ལུ་ ཁྲིམས་དང་འབྲེལ་བའི་ དང་ལེན་འབད་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
གནད་དོན་གཞན་གཅིགཔོ་དེ་ བསམ་རྩེ་རྫོང་ཁག་བདག་སྐྱོང་གིས་ འབྲུག་པའི་རྒྱུན་འགྲུལ་པ་ཚུ་ལས་ བསྡུ་ལེན་འབད་མི་ ཀོ་བིཌ་-༡༩ གི་ བརྟག་དཔྱད་འཐུས་ དངུལ་ཀྲམ་༡༡༠,༠༠༠ ལོག་སྤྱོད་འབད་དེ་ ཡོདཔ་ཨིན་པས།
དབང་འཛིན་གྱིས་ བསམ་རྩེ་རྫོང་ཁག་བདག་སྐྱོང་གིས་ འོང་འབབ་ལག་དེབ་༢༠༡༦ ཅན་མ་དང་ གནས་ནི་ལུ་ འཐུས་ཤོར་བྱུང་སྟེ་ཡོདཔ་ད་ ལག་དེབ་དང་འཁྲིལ་བ་ཅིན་ བསྡུ་ལེན་འབད་བའི་ མ་དངུལ་ཚུ་ གཞུང་གི་འོང་འབབ་རྩིས་ཁྲ་ནང་ བཙུགས་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
ད་རེས་ མ་དངུལ་ཚུ་ཡང་ བསྐྱར་རྙེད་འབད་དེ་ཡོདཔ་ད་ གནད་དོན་ནང་ འབྲེལ་གཏོགས་འབད་མི་ འགོ་དཔོན་ལུ་ ཟླ་རིམ་༡ གི་ གཞི་རྟེན་དངུལ་བཏོགས་ཏེ་ སྒྲིག་ཆད་དང་ལེན་ཚུ་ འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།