༉ དབུལ་ཕོངས་མར་ཕབ་དང་ ལཱ་གཡོག་གི་གོ་སྐབས་བཟོ་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་ བསམ་ལྗོངས་མཉམ་འབྲེལ་ལས་སྡེ་གིས་ ས་གནས་ཀྱི་སོ་ནམ་པ་ཚུ་ལུ་ ཁོང་རའི་ཐོན་སྐྱེད་ཚུ་ ག་དེ་སྦེ་ ཚོང་འབྲེལ་འཐབ་ནི་ཨིན་ན་དང་ ཁེབ་ས་ལེགས་ཤོམ་འཐོབ་ཚུགས་པའི་གུ་ ཡུན་བརྟན་གྱི་དོན་ལུ་ བསྒྱུར་བཅོས་ཚུ་འབད་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ རྫོང་ཁག་བདག་སྐྱོང་གི་འོག་ལུ་ མཉམ་འབྲེལ་ལས་སྡེ་གིས་ རྒེད་འོག་༡༠ ལས་ སོ་ནམ་པ་དང་ ན་གཞོན་ཚོང་ལས་འཐབ་མི་༡༡ གིས་ བསམ་ལྗོངས་ངོ་རྟགས་ཟེར་བའི་ རྫོང་ཁག་འགོ་དཔོན་གྱི་འོག་ལུ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།
ཚོང་ལས་ཁང་གསུམ་དེ་ སྒོ་ཕྱེས་ཡོདཔ་ད་ དེ་ཡང་ བསམ་གྲུབ་ཆོས་གླིང་ ཇོ་མོ་གཙང་ཁ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱིས་སྦེ་ སོ་ནམ་པ་༣༧ དང་ སྒོ་ནོར་ཐོན་སྐྱེད་འབད་མི་༥ ཡོདཔ་ཨིན་པས།
ན་གཞོན་ཚོང་འབྲེལ་བ་༡༡ ལུ་ བྱ་རིམ་དང་ ཚོང་འབྲེལ་ཐབས་ཐངས་ སྤུས་ཚད་ཅན་གྱི་ ཐོན་སྐྱེད་འཛིན་སྐྱོང་ ཐབས་ཐངས་ཚུ་གི་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
ཐབས་བྱུས་དེ་གིས་ ཚོང་འབྲེལ་རྐྱངམ་གཅིག་ནང་ འཇམ་ཏོང་ཏོ་བཟོ་ནི་མེན་པར་ སོ་ནམ་པ་ཚུ་ལུ་ གོང་ཚད་ལེགས་ཤོམ་ཐོབ་ཚུགས་ནི་དང་ བར་འབྲེལ་འཐབ་མི་ མར་ཕབ་འབད་ནི་ དེ་ལས་ ལུང་ཕྱོགས་ཀྱི་ ངོ་རྟགས་ཁྱབ་སྤེལ་བཏང་ནི་ཚུ་ ཡོད་ཟེར་ཨིན་པས།
བདེ་བ་ཐང་རྒེད་འོག་ལས་ ཚོང་འབྲེལ་བ་དང་ བསམ་ལྗོངས་མཉམ་ལས་ཀྱི་འཐུས་མི་ ཀརྨ་དབང་ཕྱུག་གིས་ བཤད་མིའི་ནང་ བསམ་གྲུབ་ལྗོངས་མཁར་ལས་ ཐོན་སྐྱེད་འབད་མི་ རང་བཞིན་གྱི་ཐོན་སྐྱེད་ཚུ་ མིང་གཏམ་དེ་ཅིག་ར་ དར་ཁྱབ་མ་སོང་བར་ འདུག་ཟེར་ཨིན་པས།
དེ་འབདཝ་ལས་ བསམ་ལྗོངས་ངོ་རྟགས་ལུ་བརྟེན་ ཚོང་མགྲོན་པ་ ཐིམ་ཕུག་ལུ་སྡོད་མི་དང་ གཞན་མི་ཚུ་གིས་ ཐོན་སྐྱེད་ཚུ་ བསམ་གྲུབ་ལྗོངས་མཁར་ལས་ ཐོནམ་ཨིནམ་ཧ་གོ་ཚུགས་ཟེར་ཨིནམ་ད་ ཐབས་བྱུས་དེ་གིས་ ལུང་ཕྱོགས་ཀྱི་ ངོ་རྟགས་ཡར་ཐོན་འབད་ཚུགས་པའི་ཁར་ སོ་ནམ་པ་ཚུ་ལུ་ གོང་ཚད་ལེགས་ཤོམ་འཐོབ་ཚུགས་ནི་གི་ ཁེ་ཕན་ཚུ་ཡོད་ཟེར་ ཀརྨ་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཚོང་འབྲེལ་བ་གཞན་མི་ ཡིད་མཛེས་ནོར་བུ་གིས་ བཤད་མིའི་ནང་ བསམ་གྲུབ་ལྗོངས་མཁར་ལས་ཐོན་མི་ མཁོ་ཆས་མང་ཤོས་ཅིག་ནང་ ཚོང་འབྲེལ་གྱི་ ཐོན་སྐྱེད་མ་བཟོ་བའི་ཧེ་མར་ ལྷན་ཐབས་ཁ་སྣོན་འབད་ནི་ཚུ་ ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ འབད་བའི་བསྒང་ལས་ ངོ་རྟགས་དེ་ མིང་ཙམ་ཅིག་མེན་པར་ ངོས་ལེན་ཚུ་འབྱུང་ཚུགས་ནི་དང་ དེ་ཡང་ བློ་གཏད་དང་ སྤུས་ཚད་ཅན་ ཚོང་མགྲོན་པ་ཚུ་དང་གཅིག་ཁར་ རྒྱུན་འབྲེལ་འཐབ་ཚུགས་ཟེར་ཨིནམ་ད་ ངོ་རྟགས་དེ་ར་ ཡོད་པའི་བསྒང་ལས་ ང་བཅས་རའི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ བཙོང་ཚུགས་པས་ཟེར་ཨིན་པས།
ཀ་ཊར་ལས་ལོག་ལྷོད་མི་ སྐྱེས་ལོ་༣༠ ལང་མི་ འཇིགས་མེད་ཕུན་ཚོགས་ཀྱིས་ མཉམ་འབྲེལ་ལས་སྡེ་ནང་ འཛུལ་ཐོག་ལས་ ཁོ་གིས་ ཕྱི་རྒྱལ་ལས་ ཡོན་ཏན་གསརཔ་ཐོབ་མི་ཚུ་ བརྗེ་སོར་འབད་ཡི་ཟེར་ཨིན་པས།
ཕྱི་མི་ཚུ་གིས་ འབད་བ་ཅིན་ སྤུས་ཚད་ཅན་གྱི་ སྒམ་རྐྱབ་ནི་དང་ ངོ་རྟགས་དེ་ལུ་ར་ གདམ་ཁ་རྐྱབ་མས་ཟེར་ཨིནམ་ད་ ངོ་རྟགས་ལེགས་ལྡན་བཟོ་ནི་དང་ ཕྱིར་ཚོང་འཐབ་ཆོག་པའི་ ལག་ཁྱེར་ཐོབ་ཞིནམ་ལས་ ང་བཅས་ལུ་ རྒྱལ་སྤྱིའི་ནང་ ཚོང་འབྲེལ་འཐབ་ནིའི་ གོ་སྐབས་ཡོདཔ་མ་ཚད་ ང་བཅས་ཀྱི་ཐོན་སྐྱེད་དེ་ འཛམ་གླིང་ནང་ ཁྱབ་ཚུགས་ཟེར་ཨིན་པས།
མར་ཚ་ལ་རྒེད་འོག་ལས་ བདེ་ཆེན་རྡོ་རྗེ་གིས་ བཤད་མིའི་ནང་ ད་རེས་ཀྱི་ཚོང་བཙོང་ནིའི་ ཐབས་ལམ་གསརཔ་དེ་གིས་ གདོང་ལེན་ཚུ་བསལ་ཚུགས་ནི་དང་ བསམ་གྲུབ་ལྗོངས་མཁར་ལུ་ འབད་བ་ཅིན་ ནང་འཁོད་ཀྱི་ཐོན་སྐྱེད་ ཚོང་འབྲེལ་འཐབ་ནི་དེ་ ལཱ་ཁག་ཡོདཔ་བཞིན་དུ་ ད་རེས་ བསམ་ལྗོངས་ཚོང་ལས་ལུ་བརྟེན་ ཐོན་སྐྱེད་ཚུ་ བཙོང་ཚུགས་ནི་མས་ཟེར་ཨིནམ་ལས་ ཧེ་མ་འབད་བ་ཅིན་ སོ་ནམ་པ་ཚུ་ གོང་ཚད་ལེགས་ཤོམ་ཐོབ་མ་ཚུགསཔ་མ་ཚད་ ཉོ་མི་ཡང་ དེ་ཅིག་ར་མིན་འདུག་ཟེར་ཨིན་པས།
རྫོང་ཁག་འགོ་དཔོན་གྱིས་འབད་བ་ཅིན་ བསམ་ལྗོངས་ངོ་རྟགས་ཀྱིས་ ལཱ་གཡོག་གི་ འགོ་སྐབས་བཟོ་ནི་དང་ དམིགས་བསལ་གྲོང་གསེབ་ཀྱི་ ན་གཞོན་ཚུ་ལུ་ གོ་སྐབས་ཐོབ་ཚུགས་པའི་ཁར་ རྫོང་ཁག་གི་དཔལ་འབྱོར་ནང་ སོ་ནམ་དང་ སྒོ་ནོར་ ལྟ་བཤལ་ ནགས་ཚལ་ དེ་ལས་ ཁྱིམ་བཟོ་དང་ བཟོ་གྲྭ་ཆུང་བ་ཚུ་ལུ་གཙོ་རིམ་ སྒྲིག་ཚུགས་ནི་ཨིན་པས།
དེང་སང་ལམ་ལུགས་ཀྱི་ གསར་གཏོད་འགོ་བཙུགས་མི་དེ་ཡང་ ཚོང་འབྲེལ་གྱི་མཁོ་འདོད་དང་ ཚོང་མགྲོན་པའི་དགོས་མཁོ་ ས་གནས་ཀྱི་ ཐོན་སྐྱེད་འབད་མི་ཚུ་དང་གཅིག་ཁར་ ཕན་ཚུན་གྱི་ མཉམ་འབྲེལ་ཐོག་ལས་ དགོས་མཁོ་བསྒྲུབ་ཚུགསཔ་ བཟོ་ནི་དེ་ཨིན་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ རྫོང་ཁག་བདག་སྐྱོང་ དཔལ་འབྱོར་གོང་འཕེལ་དང་ ཚོང་འབྲེལ་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ བཤད་མིའི་ནང་ བསམ་ལྗོངས་ངོ་རྟོགས་ཐོག་ལས་ བདག་སྐྱོང་གིས་ གདོང་ལེན་བྱུང་བའི་ཚོང་འབྲེལ་ལུ་ ལཱ་འབད་དོ་ཟེར་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ འགོ་བཙུགས་མི་དང་ བརྡ་བརྒྱུད་བློ་རིག་རྒྱུ་དངོས་ལས་ཁུངས་ནང་ ཐོ་བཀོད་འབད་མི་ བསམ་ལྗོངས་མཉམ་འབྲེལ་ལས་སྡེ་གིས་ ཁེ་ཕན་ཚུ་ བཟོ་དོ་ཡོདཔ་ཨིན་པས།
རྫོང་ཁག་གིས་ འགོ་འདྲེན་ཐོག་ལས་ ང་བཅས་ཀྱི་ དམིགས་ཡུལ་གཙོ་བོ་དེ་ སྤུས་ཚད་ཅན་གྱི་ ཐོན་སྐྱེད་འབད་དེ་ རྒྱལ་ཁབ་ནང་ ངོས་འཛིན་ཅན་ཅིག་ བཟོ་ནི་ཨིན་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement