༉ ཕུན་ཚོགས་གླིང་ བསོད་ནམས་སྒང་སློབ་གྲྭ་ཆུང་བའི་ནང་ སློབ་ཕྲུག་དམིགས་བསལ་ཤེས་ཡོན་དགོས་མཁོ་ཅན་གྱི་ སློབ་གྲྭ་ཅིག་འབདཝ་ལས་ དེ་དང་བསྟུན་པའི་ སློབ་སྟོན་པ་ཚུ་ ལངམ་སྦེ་མེད་པའི་དཀའ་ངལ་ ཡོདཔ་ཨིན་པས།
སློབ་གྲྭ་ནང་ དམིགས་བསལ་ཤེས་ཡོན་དགོས་མཁོ་ཅན་གྱི་སློབ་ཕྲུག་༣༠ ཡོདཔ་བཞིན་དུ་ དེ་གི་གྲས་ལས་ སློབ་ཕྲུག་ཨ་ལོ་༡༧ དེ་ དབང་པོ་སྐྱོན་ཅན་གྲངས་སུ་ མང་སུ་སྦེ་ཡོདཔ་ལས་ དགོས་མཁོ་སྦོམ་ཡོད་ཟེར་ཨིན་པས།
སློབ་གྲྭ་ནང་ དམིགས་བསལ་ཤེས་ཡོན་དགོས་མཁོ་ཅན་གྱི་སློབ་དཔོན་༨ མ་གཏོགས་མེདཔ་ཨིན་པས།
སློབ་དཔོན་དང་ སློབ་ཕྲུག་གི་ རྩིས་ཕབ་འབདཝ་ད་ ད་ལྟོ་ བརྒྱ་ཆ་༡.༤ སྦེ་ཡོད་མི་དེ་ སློབ་སྟོན་པ་རེ་ལུ་ ཨ་ལོ་༤ རེ་གི་བརྩིས་ཨིན་པས།
སློབ་གྲྭའི་སློབ་དབུ་འཛིན་ ཚེ་དབང་རིག་འཛིན་གྱིས་ བཤད་མིའི་ནང་ སློབ་གྲྭ་ནང་ ད་རུང་ དམིགས་བསལ་ཅན་གྱི་དགོས་མཁོའི་སློབ་སྟོན་པ་༤ དགོཔ་ཡོད་ཟེར་བཀོད་མི་དེ་ཡང་ སློབ་ཕྲུག་ཚུ་ལུ་ ངོས་ལེན་ཚུལ་མཐུན་བྱིན་ཚུགས་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ སློབ་ཕྲུག་ཕྱེད་ཀ་ལྷགཔ་ཅིག་ལུ་ སྐྱོན་ཆ་ཆེ་སུ་སྦེ་ཡོད་ནི་དེ་གིས་ སློབ་ཕྲུག་རེ་ལུ་ སློབ་སྟོན་པ་རེ་ དགོས་མཁོ་ཐོན་ཏེ་ཡོད་ཟེར་ཨིནམ་ད་ གཞན་ཡང་ རིག་རྩལ་ཅན་གྱི་ སློབ་སྟོན་པ་ཚུ་ དགོཔ་འདུག་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ བཟུམ་ཅིག་འབད་བ་ཅིན་ སློབ་ཕྲུག་༢ དང་༣ ལུ་ སློབ་དཔོན་རེ་གིས་ རང་སོའི་སྐྱོན་ཆ་ཆེ་ཧིང་དང་བསྟུན་ སློབ་སྟོན་ཚུ་ འབད་བཞིན་དུ་ཡོད་ཟེར་ཨིན་པས།
སློབ་གྲྭ་ནང་ དབང་པོ་སྐྱོན་ཅན་གྱི་དོན་ལུ་ སློབ་གྲྭའི་འཛུལ་སྒོ་ལས་འགོ་བཙུགས་ སློབ་ཁང་ཚུན་ དགོས་མཁོའི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
དེ་ལས་ སློབ་གྲྭ་འདི་ནང་ དམིགས་བསལ་གྱི་ དགོས་མཁོའི་ གསང་སྤྱོད་ཚུ་ཡང་ སློབ་གྲྭ་ནང་ན་ཡོདཔ་ཨིན་པས།
ད་རུང་ དེང་སང་གི་ ལམ་ལུགས་ཐོག་ལུ་ དམིགས་བསལ་ཅན་གྱི་ སློབ་ཕྲུག་ཚུ་གི་དོན་ལུ་ གསང་སྤྱོད་ཚུ་ སྒྲིང་ཁྱིམ་ཕྱི་ཁར་ཡང་ བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།
སློབ་ཁང་ཚུ་ནང་ དབང་པོ་སྐྱོན་ཅན་ཚུ་གི་ མཐའ་དོན་ལུ་དམིགས་ཏེ་ སྡོད་ཁྲི་དང་ བྲིས་ཁྲི་ཚུ་ བཙུགས་སྒྲིག་འབད་ཡོདཔ་ད་ ད་རུང་ སློབ་གྲྭ་དེ་ནང་ དམིགས་བསལ་གྱི་ རྩེདམོ་རྩེ་ས་དང་ རིག་རྩལ་སྦྱོང་བརྡར་མཐུན་རྐྱེན་ཚུ་ཡང་ ཡོད་ཟེར་ཨིན་པས།
སློབ་གྲྭ་ནང་ སློབ་ཁང་གཉིས་སྦེ་ བཟོ་བཀོད་མ་འདྲཝ་འབད་མི་དེ་ཡང་ སློབ་ཁང་ཅིག་ སློབ་ཕྲུག་སྦོམ་ཚུ་གི་དོན་ལུ་དང་ ཅིག་སློབ་ཕྲུག་ཆུང་ཀུ་ཚུ་གི་དོན་ལུ་ སོ་སོ་སྦེ་ བཟོ་བཀོད་འབད་དེ་ཡོདཔ་ཨིན་པས།
དབུ་འཛིན་གྱིས་ འབད་བ་ཅིན་ དམིགས་བསལ་སློབ་ཕྲུག་ཚུ་གི་དོན་ལུ་ བཀོད་སྒྲིག་ཚུ་ ལོགས་སུ་བཟོ་སྟེ་མེདཔ་ལས་ ད་ལྟོ་ སློབ་ཁང་གཉིས་ཁོང་གི་དོན་ལུ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
སློབ་དཔོན་ཚུ་གིས་ ཆོས་ཚན་མ་འདྲཝ་ཚུ་ རང་སོའི་གནས་ཚད་དང་བསྟུན་ སློབ་སྟོན་འབད་དོ་ཡོདཔ་ད་ སློབ་ཁང་ནང་འབད་བ་ཅིན་ སློབ་ཕྲུག་༢ དང་༣ སློབ་དཔོན་ཅིག་དང་གཅིག་ཁར་སྡོད་དེ་ སློབ་སྦྱོང་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ལས་སྡེ་ངོ་ཚབ་ཅིག་གིས་ སློབ་ཁང་ནང་ན་ དགོས་མཁོ་ཅན་གྱི་ འཛིན་ཆས་ཚུ་གི་དོན་ལུ་ སྦྱིན་བདག་ཐོན་ཡོདཔ་ད་ སློབ་གྲྭ་གིས་ འཆར་གཞི་༡༣ པའི་ནང་ དམིགས་བསལ་ཤེས་ཡོན་དགོས་མཁོ་ཅན་གྱི་ སློབ་ཕྲུག་སློབ་སྦྱོང་གི་དོན་ལུ་ སྒྲིང་ཁྱིམ་ལོགས་སུ་དགོཔ་སྦེ་ གྲོས་གཞི་ཕུལ་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་ འབད་བ་ཅིན་ སློབ་ཁང་ཚུ་ ཆུང་ཀུ་ཡོདཔ་མ་ཚད་ གཞན་མི་སློབ་ཁང་ནང་ སློབ་སྟོན་འབདཝ་ད་ ཉམས་འཚེར་ཁག་ཁ་ འོང་དོ་ཡོདཔ་ཨིན་པས།
སློབ་གྲྭ་གིས་ གཙོ་བོ་ར་ ཤེས་ཡོན་ལུ་ ཤུགས་བཏོན་དོ་ཡོད་རུང་ སློབ་ཕྲུག་ཚུ་ལུ་ རིག་རྩལ་སྦྱོང་བརྡར་ཚུ་ཡང་ བྱིནམ་ཨིན་ཟེར་དབུ་འཛིན་གྱིས་ བཤདཔ་ཨིན་པས།
དམིགས་བསལ་གྱི་ སློབ་སྟོན་པ་ བསོད་ནམས་བཟང་མོ་གིས་ བཤད་མིའི་ནང་ སློབ་གྲྭ་གི་ཁ་ཐུག་ལས་ ཤེས་ཡོན་གྱི་ མ་དོ་བར་ སློབ་ཕྲུག་ཚུ་ལུ་ སྦྱོང་བརྡར་རིག་རྩལ་ཚུ་ཡང་ བྱིན་དོ་ཟེར་ཨིནམ་ད་ སློབ་ཕྲུག་ལ་ལོ་ སྐྱོན་སྦོམ་ར་མ་ཕོག་མི་ཚུ་ལུ་ སྦྱོང་བརྡར་ཚུ་བྱིནམ་མ་ཚད་ དུས་རྒྱུན་གྱི་ སློབ་ཕྲུག་ཚུ་དང་གཅིག་ཁར་ སློབ་སྦྱོང་འབད་དོ་ཟེར་ཨིན་པས།
ཨིན་རུང་ སློབ་ཕྲུག་ལ་ལོ་ཅིག་ སྐྱོན་སྦོམ་ར་ཕོག་སྟེ་ཡོདཔ་ལས་ སློབ་ཕྲུག་རེ་ལུ་ སློབ་དཔོན་རེ་ དགོཔ་འདུག་ཟེར་ཨིནམ་ད་ ཨ་ལོ་དག་པ་ཅིག་དེ་ སློབ་ཁང་ནང་ འཛིན་སྐྱོང་འབད་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།
སློབ་ཕྲུག་ཚུ་ སློབ་རིམ་༦ པ་མཇུག་བསྡུ་ཞིནམ་ལས་ ཕུན་ཚོགས་གླིང་ རིག་གསར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ གནས་སོར་བཏང་ནི་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༢༤ དང་༢༠༢༥ གི་རྩིས་ལོའི་ནང་ ཤེས་རིག་སྡེ་ཚན་གྱིས་ དམིགས་བསལ་གྱི་སློབ་གྲྭ་ལྟེ་བ་༢༠ ནང་ མཐུན་རྐྱེན་ཚུ་ གོང་འཕེལ་བཏང་ནིའི་ འཆར་གཞི་ཡོདཔ་ད་ སློབ་གྲྭ་ཡང་་༣༩ ལས་༤༤ ལུ་ ཡར་སེང་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ དམིགས་བསལ་གྱི་ སློབ་སྟོན་པ་༥༥ བཙུགས་ནིའི་འཆར་གཞི་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།