༉ གནམ་ཉིམ་ཤར་རུང་ ཡང་ན་ ཆརཔ་རྐྱབ་རུང་ ཚེར་སྣང་མེད་པར་ བུམ་ཐང་འོབ་ཐང་ལུ་ཡོད་པའི་ མི་སྡེ་སྒོ་ནོར་གསོ་སྐྱོང་ཁང་ནང་ སྐྱེས་ལོ་༣༡ ལང་མི་ གསོ་སྐྱོང་ཁང་གི་འཛིན་སྐྱོང་པ་ པདྨ་རྣམ་རྒྱལ་དང་ ཁོ་གི་སྡེ་ཚན་གྱིས་ ཨོམ་བཞོ་ཅན་གྱི་བ་༨༧ དེ་ཅིག་ གསོ་སྐྱོང་འཐབ་འཐབ་ས་ར་ཡོདཔ་ཨིན་པས།
སྤྱི་ལོ་༢༠༩༧ ལུ་གཞི་བཙུགས་འབད་མི་ སྒོ་ནོར་གསོ་སྐྱོང་ཁང་དེ་ འབྲུག་རྒྱལ་ཁབ་ནང་ རྙིང་ཤོས་དང་ གྲུབ་འབྲས་མཐར་འཁྱོར་ཅན་ཅིག་སྦེ་ ཡོདཔ་ཨིན་པས།
པདྨ་རྣམ་རྒྱལ་གྱིས་ སྤྱི་ལོ་༢༠༡༩ ལུ་གསོ་སྐྱོང་ཁང་གི་ འཛིན་སྐྱོང་པའི་འགན་ཁུར་འབག་ཡོདཔ་ད་ དེ་བསྒང་ ནོར་༨༠ དེ་ཅིག་ཡོདཔ་བཞིན་དུ་ ད་རེས་ནངས་པར་་འབད་བའི་བསྒང་ལས་ བུམ་ཐང་རྫོང་ཁག་གིས་ སྒོ་ནོར་གསོ་སྐྱོང་ཁང་ མིང་གཏམ་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
མི་སྡེ་སྒོ་ནོར་གསོ་སྐྱོང་ཁང་གིས་ སྤྱི་ལོ་༢༠༢༣ ཚུན་ལུ་ ཚོང་འབྲེལ་ལེགས་ཤོམ་སོང་སྟེ་ དངུལ་ཀྲམ་ས་ཡ་༡.༣ གསོག་འཇོག་ནང་བཙུགས་ཡོདཔ་ད་ ཤུལ་ལས་ ནོར་གྱི་པགས་ནད་ཐོན་ནི་དེ་གིས་ ཚོང་འབྲེལ་ལུ་ བར་ཆད་སྦོམ་སྦེ་ར་ རྐྱབ་ཡོདཔ་ཨིན་པས།
གསོ་སྐྱོང་ཁང་གིས་ འོང་འབབ་བཟོ་མི་ཚུ་ མང་ཤོས་ར་ ཁོང་རའི་ ནད་གཞི་དང་ འཕྲོད་བསྟེན་གྱི་དོན་ལུ་ ཟད་འགྲོ་བཏང་དགོཔ་ཡོདཔ་ད་ ཤུལ་ལས་འགྲོས་ཀྱིས་སྦེ་ གསོག་འཇོག་དེ་ཡང་ དངུལ་ཀྲམ་༦༠༠,༠༠༠ ལུ་ མར་བབས་སོང་ཡོདཔ་ཨིན་པས།
མི་སྡེ་སྒོ་ནོར་གསོ་སྐྱོང་ཁང་གི་དོན་ལུ་ སྟང་རྒེད་འོག་ལས་ ཁྱིམ་གུང་༣༩༦ དེ་ཅིག་ འཐུས་མི་སྦེ་ ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ འཐུས་མི་ཚུ་གིས་ རྒྱུན་སྐྱོང་གི་ལཱ་འབད་བའི་སྐབས་སུ་ ལས་མིའི་ལཱ་འབད་ནི་དོན་ལུ་ སྟོང་པར་སྦེ་ ལཱ་འབད་དོ་ཡོདཔ་ད་ དེ་ཡང་ ར་བ་བསྒོར་ནི་དང་ རྩྭ་ཆག་བཏབ་ནི་ལ་སོགས་པ་ཚུ་ འབད་དོ་ཡོད་རུང་ ད་རེས་ནངས་པར་ འབད་བའི་བསྒང་ལས་ འདི་བཟུམ་གྱི་ལཱ་འབད་ནི་ཡོད་མི་ཚུ་ ལས་མི་གླ་ཆ་སྤྲོད་དེ་འབད་དོ་ཡོདཔ་ལས་ དེ་གིས་ རྒྱུན་སྐྱོང་གི་ཟད་འགྲོའི་གནས་གོང་ ཡར་སེང་འགྱོཝ་མས་ཟེར་ པདྨ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
སྒོ་ནོར་གསོ་སྐྱོང་ཁང་ལུ་ གདོང་ལེན་ཚུ་ འབྱུང་དོ་ཡོད་མི་དེ་ཡང་ དེང་སང་གི་ ལམ་ལུགས་ཐོག་ ལཱ་འབད་མ་ཚུགས་མི་དང་ རི་ཁའི་རྩྭ་ཆག་ཚུ་ རི་ཕག་གིས་ མེདཔ་བཏང་མི་ དེ་ལས་ གནམ་དགུན་ལུ་ ཁྱེགས་ཀྱིས་མེདཔ་བཏང་མི་ལུ་བརྟེན་ དོ་འགྲན་ཚུ་ འདུག་ཟེར་ཨིན་པས།
རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ གྲོགས་རམ་འབད་དེ་འབད་རུང་ འཕྲོ་མཐུད་དེ་ རྒྱབ་སྐྱོར་འབད་མ་ཚུགས་མི་དང་ རྒེད་འོག་གི་ཁ་ཐུག་ལས་ ལྷན་གྲོགས་དེ་ཅིག་ར་མེད་མི་གིས་ དཀའ་ངལ་འདུག་ཟེར་ ཁོ་གིས་བཤད་པའི་ཁར་ འཆར་གཞིའི་ལཱ་ག་ཅི་ར་འབད་རུང་ རྒེད་འོག་ལས་བརྒྱུད་དེ་ འགྱོ་དགོ་མི་དང་ དེ་ཁར་ ཚུལ་མཐུན་འབྱུང་མ་ཚུགས་མི་གིས་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གསོ་སྐྱོང་ཁང་དེ་གིས་ རྒེད་འོག་ལུ་ ཁེ་ཕན་ཚུ་འབྱུང་དོ་ཡོདཔ་ལས་ རྒེད་འོག་བདག་སྐྱོང་གི་ ཁ་ཐུག་ལས་འབད་རུང་ ལས་འགུལ་དང་ ལས་རིམ་ཚུ་གི་སྐབས་ལུ་ རྒྱབ་སྐྱོར་ལེགས་ཤོམ་ འབད་དགོཔ་འདུག་ཟེར་ཨིན་པས།
ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༡༠༠ རེ་ཐོན་སྐྱེད་འབད་མི་གིས་ འོབ་ཐང་མི་སྡེ་སྒོ་ནོར་གསོ་སྐྱོང་ཁང་གིས་ བུམ་ཐང་ལུ་ ཨོམ་གྱི་ཐོན་སྐྱེད་འབད་མི་ སྦོམ་ཤོས་ཅིག་ཨིནམ་བཞིན་དུ་ ན་ཧིངགི་ལོ་ནང་ རྫོང་ཁག་ནང་ལས་ ཨོམ་ལི་ཊར་༡,༩༨༢.༤༥ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
གསོ་སྐྱོང་ཁང་དེ་ནང་ ས་ཆ་ཨེ་ཀར་༡,༩༨༠ གི་ཁྱབ་ཚད་ཡོདཔ་ད་ ས་མཚམས་དེ་ཡང་ འོབ་ཐང་སྐྱེ་ལྡན་གསོ་སྐྱོང་ཁང་དང་ མཐུད་སྦྲེལ་འབད་ཡོདཔ་བཞིན་དུ་ ས་ཆ་ཚུ་ དབྱེ་ཁག་༡༧ སྦེ་དཔྱ་བགོ་རྐྱབ་སྟེ་ ས་ཆ་ཡོངས་རྫོགས་ ལྕགས་སྐུད་ར་བ་དང་ གློག་མེ་ནུས་ཤུགས་ཀྱིས་ ར་བ་བསྒོར་བའི་ཁར་ གསོ་སྐྱོང་ཁང་དེ་ གསོལ་རས་སྦེ་མ་གནང་ཚུན་ ལུག་གསོ་སྐྱོང་ལྟེ་བ་སྦེ་ ལག་ལེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement