༉ བུམ་ཐང་སྟང་ལས་ སྐྱེས་ལོ་༦༥ ལང་མི་ སངས་རྒྱས་སྒྲོལ་མ་གིས་ མོ་རའི་ ས་ཞིང་ཨེ་ཀར་༣ འབད་མིའི་ནང་ ཀར་དང་ བྱཱོ་ཚུ་བཏབ་དོ་ཡོདཔ་ད་ དེ་གི་ལྷག་ལུས་ ས་ཆ་ཨེ་ཀར་༢ ནང་ ཀེ་བ་འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ མོ་གིས་ ས་ཆ་ཨེ་ཀར་༡ རྐྱངམ་གཅིག་ནང་མ་གཏོགས་ ལཱ་མ་འབད་མི་དེ་ཡང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་ གྱངས་ཁ་ཡར་སེང་འགྱོཝ་དང་བསྟུན་ ཐོག་བསྡུ་ནི་མེད་ནི་དེ་གིས་ཨིན་པས།
མོ་གིས་ བཤད་མིའི་ནང་ ས་གནས་དེ་ཁར་ རི་ཕག་ཚུ་གིས་ ལོ་ཐོག་ཚུ་ ག་ནི་ཡང་ བཞག་མི་བཏུབ་པས་ཟེར་ཨིན་པས།
འདི་བཟུམ་གྱི་ གདོང་ལེན་དེ་ ལེ་ཤ་ཅིག་ར་ཡོདཔ་ད་ དེ་ཡང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ མོ་གི་གཡུས་ཁར་སྡོད་མི་ སོ་ནམ་པ་ཚུ་ལུ་ དཀའ་ངལ་སྦོམ་བྱུང་དོ་ཡོདཔ་ད་ སྤྱིར་བཏང་ ཁྲོམ་ཁར་ཀར་དང་ བྱཱོ་གི་གོང་ཚད་ཚུ་ ལེགས་ཤོམ་སྦེ་ ཐོབ་པའི་ནམ་དུས་ལུ་ གདོང་ལེན་ཚུ་བྱུང་སྟེ་སྡོདཔ་མས་ཟེར་ སངས་རྒྱས་སྒྲོལ་མ་གིས་ བཤདཔ་ཨིན་པས།
མོ་གི་ མནོ་བསམ་ལས་འབད་བ་ཅིན་ ཤུལ་མའི་ལོ་ལས་ གཞུང་གིས་ ཁོང་ལུ་གྲོགས་རམ་ཚུ་ ལེགས་ཤོམ་འབད་དེ་ ཁོང་གིས་ལོ་ཐོག་ཚུ་ དོན་དང་ལྡནམ་སྦེ་ བསྡུ་གསོག་འབད་ཚུགསཔ་འོང་ཟེར་ མནོཝ་མས་ཟེར་ཨིན་པས།
བུམ་ཐང་ རྟ་མགྲིན་སྒང་གཡུས་ཚན་ལས་ སོ་ནམ་པ་ བཀྲིས་ལྷུན་གྲུབ་གྱིས་ བཤད་མིའི་ནང་ སོ་ནམ་པ་ཚུ་གིས་ ཁོང་རའི་ཐོན་སྐྱེད་ཚུ་ རི་དྭགས་སེམས་ཅན་གྱིས་ བར་ཆད་རྐྱབ་མི་ལུ་བརྟེན་ དུས་ཚོད་ཁར་ ཚོང་འབྲེལ་འཐབ་མི་ཚུགས་པས་ཟེར་ཨིནམ་ད་ ས་ཁོངས་སྟབས་བདེ་དྲགས་ཅིག་ནང་ གསོག་མཛོད་ཁང་ཅིག་ཡོད་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
སངས་རྒྱས་སྒྲོལ་མ་གིས་ ལོ་ཐོག་བཏབ་ནི་ མར་བབས་སོང་མི་དེ་གིས་ གཡུས་སྒོའི་ནང་ ཀར་གྱི་ཐོན་སྐྱེད་ ག་དེ་སྦེ་ མར་བབས་སོང་ཡོདཔ་ཨིན་ན་ ཧ་གོ་ཚུགས་པས་ཟེར་ཨིན་པས།
འབྲུག་སོ་ནམ་དང་སྒོ་ནོར་གྲངས་རྩིས་༢༠༢༣ ཅན་མ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༣ ལུ་ རྒྱལ་ཁབ་ནང་ ཀར་བསྡུ་གསོག་དེ་ མེ་ཊིག་ཊཱོན་༩༦༦ འབད་མི་ལུ་རྩིས་ཕབ་ད་ འདས་པའི་ལོ་དང་ཕྱདཔ་ད་ མེ་ཊིག་ཊཱོན་༡༦༧ མར་བབས་སོང་ནུག་ཟེར་ཨིན་པས།
སྟང་རྒེད་འོག་ནང་ བྱཱོ་མེ་ཊིག་ཊཱོན་༢༧༠ ཐོན་སྐྱེད་འབད་མི་དེ་ རྒེད་འོག་ཚུ་ནང་ལས་ ཐོན་སྐྱེད་འབད་མི་ མཐོ་ཤོས་ཨིན་པས།
ན་ཧིང་གི་ལོ་ནང་འབད་བ་ཅིན་ ཀར་མེ་ཊིག་ཊཱོན་༨༣༧ ཐོན་སྐྱེད་འབད་མི་དེ་གིས་ སྤྱི་ལོ་༢༠༢༢ དང་ཕྱདཔ་ད་ མེ་ཊིག་ཊཱོན་༧༦ དེ་ཅིག་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།
རྒྱལ་ཡོངས་ཀྱི་ གནས་རིམ་ནང་འབད་བ་ཅིན་ བྱཱོ་གི་ཐོན་སྐྱེད་དེ་ སྤྱི་ལོ་༢༠༡༩ ལུ་ མེ་ཊིག་ཊཱོན་༢,༣༥༠ འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༢༣ ལུ་ མེ་ཊིག་ཊཱོན་༩༦༦ མར་བབས་སོང་ཡོདཔ་སྦེ་ཨིནམ་ད་ འདི་དང་འདྲཝ་སྦེ་ ཀར་གྱི་ཐོན་སྐྱེད་དེ་ཡང་ མེ་ཊིག་ཊཱོན་༡,༣༡༩ དང་ཕྱདཔ་ད་ མེ་ཊིག་ཊཱོན་༨༣༧ མར་བབས་སོང་ཡོདཔ་སྦེ་ཨིན་པས།
བྱཱོ་གི་ཐོན་སྐྱེད་ མར་བབས་སོང་མི་དེ་ཡང་ བསྡུ་གསོག་འབད་ནི་ མར་བབས་སོང་ནི་དེ་གིས་ཨིནམ་ད་ ན་ཧིང་གི་ལོ་ནང་ ས་ཆ་ཨེ་ཀར་༢༥༣ ལཱ་མ་འབད་བར་ སྟོངམ་བཞག་ཡོདཔ་ད་ བྱཱོ་གི་ལཱ་འབད་མི་ཚུ་ཡང་ སྤྱི་ལོ་༢༠༢༠ ལུ་ མི་གྲངས་༥,༨༩༤ དང་ཕྱདཔ་ད་ སྤྱི་ལོ་༢༠༢༣ ལུ་ མི་གྲངས་༤,༣༤༢ ལུ་ མར་བབས་སོང་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ སོ་ནམ་དང་སྒོ་ནོར་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལ་བ་ཅིན་ ཀར་དང་ བྱཱོ་གི་ འབྲུ་སྣའི་རིགས་ལུ་ ལཱ་འབད་མི་མར་བབས་སོང་ནུག་ཟེར་ཨིནམ་ད་ སོ་ནམ་པ་མང་ཤོས་ཅིག་གིས་ ཁོང་རའི་ཐོན་སྐྱེད་ཚུ་ ཚོད་བསྲེ་དང་ དངུལ་ཐོག་ཚུ་ལུ་ སོར་སྒྱུར་འབད་མི་དེ་ཡང་ ཚོང་ལམ་ལེགས་ཤོམ་ཡོད་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཐོན་སྐྱེད་མར་བབས་སོང་མི་ལུ་བརྟེན་ ལྷན་ཁག་གིས་ སོ་ནམ་དང་འབྲེལ་བའི་ ཐོན་སྐྱེད་ཀྱི་རིགས་ཚུ་ག་ར་ ན་ཧིང་གི་ལོ་ནང་ མར་བབས་སོང་ནུག་ཟེར་ཨིན་པས།
འཆར་གཞི་༡༣ པའི་ནང་ སོ་ནམ་སྡེ་ཚན་དེ་ ཡར་དྲག་གཏང་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ དེ་ཡང་ སོ་ནམ་ལཱ་གི་ཐབས་བྱུས་ ཆུ་གཡུར་གསརཔ་བསལ་ནི་དང་ ས་ཆ་གོང་འཕེལ་གྱི་ལས་སྣ་ ཞིང་རྨོ་འཕྲུལ་པ་ཝར་ཊི་ལར་ཚུ་ ཡར་སེང་འབད་ནི་ དེ་ལས་ ལྕགས་སྐུད་དྲྭ་མིག་གི་ ར་བ་རྐྱབ་ནི་ལ་སོགས་པ་ཚུ་ལུ་ གཞི་བཟུང་འབད་ནི་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement