༉ སྐྱེས་ལོ་༡༣ ལང་མི་ བུམོ་ཅུང་ཅིག་ མོ་རའི་ ཕམ་ཡ་གཅིག་པའི་ཕོ་སྤུན་ སྐྱེས་ལོ་༢༤ ལང་མི་གིས་ དབང་བཙོང་འདོད་སྤྱོད་འབད་བའི་ཤུལ་ལས་ ད་རེས་ ཨ་ལོ་ཆགས་ཏེ་ བདུན་ཕྲག་༡༨ ལང་ཡོདཔ་ཨིན་པས།
གནད་དོན་དེ་ སྤྱི་ཟླ་༦ པའི་ཚེས་༣ ལུ་ སྤུ་ན་ཁའི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག།
ཉམས་རྒུདཔ་བུམོ་ཅུང་དེ་ སྤུ་ན་ཁ་གི་ སློབ་གྲྭ་ཅིག་ནང་ སློབ་རིམ་༥ པའི་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་ཅིག་ཨིན་པས།
བུམོ་ཅུང་དེ་ བརྟག་དཔྱད་འབད་བར་ སྨན་ཁང་ནང་ སོང་བའི་ཤུལ་ལས་ ཨ་ལོ་ཆགས་ཡོདཔ་སྦེ་ གཏན་འཁེལ་འབད་ནུག།
གནད་དོན་དེ་ སྤྱི་ལོ་༢༠༢༣ ཟླ་༡༢ པའི་ནང་ སྤུ་ན་ཁ་ འཛོམས་མི་ནང་བྱུང་ཡོདཔ་ད་ ས་གནས་དེ་ ཁུ་རུ་ཐང་ལས་ ཀི་ལོ་མི་ཊར་༥ གི་ས་ཁར་ ཡོདཔ་ཨིན་པས།

དོགས་ཅན་དེ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དྲི་དཔྱད་འབད་བའི་སྐབས་ ཁོ་ར་ ཆང་གི་དབང་ལུ་ཐལ་མི་ལུ་བརྟེན་ བྱ་ངན་འབད་ཡོད་པའི་ རྗུན་ཁ་བཟེད་ཡོདཔ་ཨིན་པས།
ཁོ་གིས་ ཉམས་རྒུདཔ་བུམོ་ཅུང་དེ་ལུ་ ཚར་ལེ་ཤ་ཅིག་ར་ ལོག་སྤྱོད་འབད་ཡོདཔ་ཨིན་པས།
གནད་དོན་དེ་ སྐྱེས་ལོ་༡༢ མན་ཆད་འབད་མི་ ལོ་ན་མ་སྨིན་པ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ གནད་དོན་ནང་ ཚུད་ནི་ཨིན་པས།
འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༨༣ དང་འཁྲིལ་བ་ཅིན་ གལ་སྲིད་ རྩོད་ཟླ་ཅིག་གིས་ སྐྱེས་ལོ་༡༢ ལས་༡༨ ཚུན་གྱི་ བྱིས་པ་ལུ་ འཁྲིག་སྤྱོད་འབད་བ་ཅིན་ རྩོད་ཟླ་དེ་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གནོད་འགེལ་གྱི་ ཉེན་སྐྱོན་ཡིན་པར་ བརྩི་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ སྡོད་ཚན་༡༨༤ ནང་ བཀོད་མིའི་ནང་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་གྱི་ གནོད་འགེལ་དེ་ དབྱེ་རིམ་༣ པའི་ ཉེས་ཆེན་སྨིན་དགོ་ནི་ཨིནམ་ལས་ ལོ་༩ ལས་༡༥ གི་ བཙོན་ཁྲིམས་ཕོག་ནི་ཨིན་པས།
དོགས་པ་ཅན་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༠༧ དང་༢༠༨ དང་འཁྲིལ་ཏེ་ སྤུན་ཉེ་ལུ་འཁྲིག་སྤྱོད་ཀྱི་ བྱ་བ་ངན་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
དོན་ཚན་༢༠༧ དང་འཁྲིལ་བ་ཅིན་ གལ་སྲིད་ ཁྲིམས་གཞན་ནང་ གཉེན་སྦྱོར་རུང་བའི་ བཀོད་དེ་ཡོད་ན་མ་གཏོགས་ དེ་མིན་ རྩོད་ཟླ་ཅིག་གིས་ ཁྲིམས་མཐུན་གཉེན་སྦྱོར་ མ་ཆོག་པའི་སྤུན་ཆའམ་ ཉེ་རྩ་ཕོག་པའི་ མི་ངོ་ལུ་ འཁྲིག་སྤྱོད་ཀྱི་ བྱ་བ་ངན་པར་གཏོགས་པ་ཅིན་ རྩོད་ཟླ་དེ་ སྤུན་ཉེ་ལུ་ འཁྲིག་སྤྱོད་ཀྱི་ བྱ་བ་ངན་པའི་ གནོད་འགེལ་གྱི་ ཉེས་སྐྱོན་ཡིན་པར་ བརྩི་དགོ་ཟེར་ཨིན་པས།
སྤུན་ཉེ་ལུ་ འཁྲིག་སྤྱོད་ཀྱི་ བྱ་བ་ངན་པའི་ཉེས་རིམ་དེ་ ཉེས་ཕྲ་སྨིན་དགོ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement