༉ སྤྱི་ཟླ་༡ པའི་ཚེས་༧ ལུ་ རྒྱ་ནག་བོད་ཀྱི་ ཞི་དགའ་རྩེ་ལུང་ཕྱོགས་ནང་ ས་ཡོམ་ཤུགས་ཚད་༧.༡ རྐྱབ་མི་དེ་གིས་ ལུང་ནག་ནང་ལུ་ཡོད་པའི་ བེ་ཆུང་ཁྱེགས་མཚོའི་ལྟག་ལུ་ ཊེ་བཱལ་གངས་གུ་ལས་ ཁ་རུད་ཁག་༢ ཆད་ཡོདཔ་ཨིན་པས།
ཁ་རུད་ཆད་མི་ཚུ་ གྱེན་གཟར་དྲགས་མེད་པའི་ ཁྱེགས་རི་བདའ་སྟེ་ ཐོགས་ལུས་ཡོདཔ་ལས་ བེ་ཆུང་ཁྱེགས་མཚོ་ལུ་ ལྷོད་མ་ཚུགསཔ་མ་ཚད་ དེ་བཟུམ་མའི་ བྱུང་རྐྱེན་ཚུ་གིས་ ཁྱེགས་མཚོ་ཚུ་ རྦེད་འགྱོ་ནིའི་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
ཞི་དགའ་རྩེ་ལུ་ ས་ཡོམ་རྐྱབ་པའི་འབྱེམ་དེ་ འབྲུག་རྒྱལ་ཁབ་བརྩིས་ཏེ་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ ཚོར་ཡོདཔ་ཨིན་པས།
ས་ཡོམ་རྐྱབ་སའི་ལྟེ་བ་དང་ ཐག་ཉེ་ཤོས་ཀྱི་རྫོང་ཁག་ མགར་ས་ལུ་ ས་ཡོམ་གྱི་ཤུགས་ཚད་ ཨེམ་ཨེམ་ཨའེ་ཚད་གཞི་གུ་ ཤུགས་ཚད་༤ རྐྱབ་ཡོདཔ་ལས་ ས་གནས་ཀྱི་མི་ཚུ་གིས་ ཤུགས་ཚད་ཀྱི་ ཉམས་མྱོང་བྱུང་ཡོདཔ་ཨིན་པས།
ལུང་ནག་ནང་ལུ་ ཉེན་ཁ་ཅན་གྱི་ ཐོ་ཐོར་མི་མཚོ་བརྩིས་ཏེ་ ཁྱེགས་མཚོ་མང་རབས་ཅིག་ ཆགས་ཏེ་ཡོདཔ་ལས་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
བེ་ཆུང་དང་ རབ་ཕྲེང་ ཐོ་ཐོར་མི་ དེ་ལས་ ལུག་གི་མཚོ་བཟུམ་མའི་ ཁྱེགས་མཚོ་ཚུ་ ཊེ་བཱལ་གངས་ཀྱི་འོག་ལུ་ ཆགས་ཡོདཔ་ཨིན་པས།
རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པ་ལྟེ་བའི་ གངས་ཁྱེགས་མཁས་མཆོག་ ཕུན་ཚོགས་ཚེ་རིང་གིས་ སླབ་མིའི་ནང་ ས་ཡོམ་གྱི་འབྱེམ་དེ་གིས་ ཁྱེགས་ལུ་རྐྱབ་སྟེ་ སྲ་བརྟན་མེདཔ་བཟོཝ་ཨིན་ཟེར་ཨིནམ་ད་ ཁ་རུད་ཚུ་ བེ་ཆུང་ཁྱེགས་མཚོའི་ཁ་ཐུག་ལུ་ ཆད་ཡོདཔ་ལས་ ཁ་རྗེ་བཟང་ནུག་ཟེར་ཨིནམ་ད་ ཨིན་རུང་ བེ་ཆུང་ཁྱེགས་མཚོ་དེ་ མགྱོགས་དྲགས་སྦེ་ར་ སྦོམ་འགྱོ་དོ་ཡོདཔ་ལས་ དུས་ཡུན་ག་དེམ་ཅིག་ ཐུབ་ཚུགས་གའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
ས་ཡོམ་རྐྱབ་པའི་ཤུལ་ལུ་ ལུང་ནག་ནང་ལུ་སྡོད་མི་ མི་སྡེ་ཚུ་ལུ་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
ལུང་ནག་ནང་ལུ་སྡོད་མི་ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པ་ལྟེ་བའི་ ལས་བྱེདཔ་ཚུ་གིས་ ས་ཡོམ་རྐྱབ་པའི་ཤུལ་ལས་ ཡིག་ཚང་གཙོ་ཁང་ལས་ སྡེ་ཚན་ཅིག་དང་གཅིག་ཁར་ མཚོ་གི་ས་ཁོངས་ཚུ་ བརྟག་ཞིབ་འབད་བར་ སོང་ཡོདཔ་ཨིན་པས།
ཁོང་གིས་ ཐོ་ཐོར་མི་དང་ རབ་ཕྲེང་ དེ་ལས་ བེ་ཆུང་ཁྱེགས་མཚོ་ཚུ་ནང་ གནོད་སྐྱོན་སྦོམ་ཅིག་ མ་མཐོངམ་ཨིན་རུང་ ཐོ་ཐོར་མི་དང་ རབ་ཕྲེང་གི་ བར་མཚམས་ལུ་ ཁྱེགས་བཤུད་དུམ་གྲ་རེ་ རྐྱབ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
སྡེ་ཚན་གྱིས་ ལུག་གི་ཁྱེགས་མཚོའི་གནས་སྟངས་ བརྟག་དཔྱད་འབད་མ་ཚུགས་མི་དེ་ཡང་ གནམ་དགུན་ལུ་ ལམ་ཐལ་མ་ཚུགས་ནི་དེ་གིས་ཨིན་པས།
རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པ་ལྟེ་བའི་ སྡེ་ཚན་གྱིས་ འཕྲོ་མཐུད་དེ་ར་ ཁྱེགས་མཚོ་ཚུ་ ལྟ་རྟོག་འབད་ནི་ཨིནམ་མ་ཚད་ ཆུ་མཇུག་ལུ་སྡོད་མི་ཚུ་ དྲན་པ་བཏོན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ ས་ཡོམ་གྱི་ཤུགས་ཚད་དེ་ ཆུང་སུ་ཅིག་ཨིནམ་ད་ དེ་ཡང་ ཤུགས་ཚད་༠ལས་༣ གི་བར་ན་ཨིནམ་ད་ འབྲུག་གི་ ནུབ་ཕྱོགས་ཁ་ཐུག་ལུ་ ཨེམ་ཨེམ་ཨའེ་ཚད་གཞི་༢ ལུ་ ལྷོད་ཡོདཔ་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ ས་ཡོམ་ལྟ་རྟོག་འབད་ས་༡༣ དང་ ཤུགས་ཚད་འཇལ་སའི་ས་གོ་༢༢༣ ཡོདཔ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།