༉ ལུང་ནག་ནང་གི་ མཐའ་ཟུར་གྱི་གཡུས་ཚན་ བྱང་ས་དེ་ གློག་མེ་མེད་པའི་མི་སྡེ་༡༣ ཡོད་པའི་གྲས་ལས་ ཅིག་ཨིནམ་ད་ ཁོང་ཆ་ཁྱབ་ཀྱི་གྲས་ལས་ ཉི་དྲོད་ནུས་ཤུགས་ཐོབ་མི་ འགོ་དང་པ་དེ་ གཡུས་སྒོ་འདི་ཨིནམབཞིན་དུ་ ཉི་དྲོད་ནུས་ཤུགས་ཆུང་བའི་རིམ་ལུགས་ ཀི་ལོ་ཝཊ་༣༣ བཙུགས་སྒྲིག་འབད་མི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།

རྒྱ་མཚོའི་མཐའམ་ལས་ མཐོ་ཚད་མི་ཊར་༣,༤༠༠ གི་ས་ཁར་ཡོད་པའི་ བྱང་ས་གཡུས་ཚན་ནང་ མགར་ས་ལ་ཡ་རྒེད་འོག་ སྟོང་ཤིང་ན་གི་ འཁོར་ལམ་ལས་ ཉིན་ལམ་༨ རྐང་སྟོང་སྦེ་ འགྱོ་དགོ་པའི་ ས་གནས་ཅིག་ཨིན་པས།

ཧེ་མ་འབད་བ་ཅིན་ བྱང་ས་གཡུས་ཚན་གྱི་ མི་སེར་ཚུ་ ཉི་དྲོད་ནུས་ཤུགས་ཆུང་བ་ལུ་བརྟེན་ སྡོད་མི་དེ་ཡང་ དགོས་མཁོ་དང་བསྟུན་ མེ་བཏེག་ནི་དང་ འགྲུལ་འཕྲིན་ལྟོ་བསྐྱར་གསོ་འབད་ནི་ཚུ་མ་གཏོགས་ གཞན་གྱི་རིགས་ཚུ་ ཐབ་ཤིང་དང་ མེ་རླུང་རྒྱ་རྫི་ལུ་བརྟེན་ སྡོད་ཡོདཔ་ཨིན་པས།

ད་རེས་གསརཔ་གཞི་བཙུགས་འབད་མི་ ཉི་དྲོད་ནུས་ཤུགས་དེ་གིས་ ལོ་བསྟར་བཞིན་དུ་ ནུས་ཤུགས་ཐོན་ཚད་མེ་ག་ཝཊ་༤༠.༧༠ འབད་ཚུགས་ནི་ཨིནམ་ད་ དེ་གིས་ ལ་མཐོ་སར་སྡོད་མི་ ཁྱིམ་གུང་༡༡ གི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་ར་ འབྱུང་ནི་ཨིན་པས།

ནུས་ཤུགས་ཀི་ལོ་ཝཊ་༣༠ འབད་མི་འཕྲུལ་ཨམ་དེ་ ནུས་ཤུགས་དང་ རང་བཞིན་སླར་འབྱུང་ལྷན་ཁག་གིས་ གཞི་བཙུགས་འབད་ཡོདཔ་ད་ མ་དངུལ་ཚུ་ འབྲུག་གཞུང་ལས་ཨིནམ་ད་ ལས་འགུལ་གྱི་ཟད་འགྲོ་ཡོངས་བསྡོམས་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༢༡.༡ གནས་ཡོདཔ་ཨིན་པས།

ཁ་སྨད་ ལུང་ནག་ནང་གི་ འཐུས་མི་པདྨ་གྲགས་པ་གིས་ བཤད་མིའི་ནང་ ཉི་དྲོད་ནུས་ཤུགས་ལུ་བརྟེན་ བྱང་ས་གི་མི་སེར་ཚུ་གིས་ འཚོ་བའི་གནས་སྟངས་ཡར་དྲག་བཟོ་ཚུགས་ཟེར་ཨིནམ་ད་ དེ་གིས་ མཐའ་འཁོར་གནས་སྟངས་ལུ་ ཕན་སྦོམ་སྦེ་ར་ ཐོབ་ཚུགས་ནི་ཨིན་མི་དེ་ཡང་ ད་ལས་ཕར་ མི་མང་ཤོས་ཅིག་གིས་ གཡག་གི་ཨ་བ་དང་ ཐབ་ཤིང་ཚུ་ལག་ལེན་ མི་འཐབ་ནི་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ད་ལྟོའི་གཞུང་གིས་ ལུང་ནག་ནང་ལུ་ གློག་མེ་འཕྲུལ་ཨམ་འབྲིང་མ་ འཆར་གཞི་༡༣ པའི་ནང་ གཞི་བཙུགས་འབད་ནི་ཨིན་ཟེར་ཨིན་པས།

ཉི་དྲོད་ནུས་ཤུགས་མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་མི་གིས་ ལུང་ནག་ནང་གི་མི་སེར་ཚུ་ ལོ་ཤུལ་མམ་ལས་ འོས་འབྱོར་ལྡན་པའི་ ཉི་དྲོད་ནུས་ཤུགས་ཚུ་ སྤྱོད་ཚུགས་ཟེར་ཨིན་པས།

པདྨ་འབྲུག་པ་གིས་ བཤད་མིའི་ནང་ འབྲུག་བློ་གཏད་མ་དངུལ་གྱི་ གྲོགས་རམ་ཐོག་ལས་འབདཝ་ད་ ལུང་ནག་ནང་གི་ གཡུས་ཚན་དེ་ ལོ་གསུམ་གྱི་ནང་འཁོད་ལུ་ ཉི་དྲོད་ནུས་ཤུགས་ལག་ལེན་འཐབ་ནི་ འཐོབ་ཅི་ཟེར་ཨིན་པས།

ནུས་ཤུགས་ལས་ཁུངས་ཀྱིས་ འཕྲོམཐུད་དེ་ར་ གཡུས་སྒོ་ ནུས་ཤུགས་སྦྲེལ་མཐུད་མེད་མི་ཚུ་ལུ་ཡང་ གཞི་བཙུགས་འབད་ནིའི་དོན་ལུ་ འཆར་དངུལ་ཚུ་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་པས།

མཉམ་འབྲེལ་གྱི་དོན་ལུ་ ས་གནས་ཀྱི་མི་སྡེ་ཚུ་གིས་ཡང་ ལས་འགུལ་ཚུ་ནང་ གྲལ་གཏོགས་འབད་བའི་ཁར་ ཁོང་གིས་ ལག་ལེན་དང་ རྒྱུན་སྐྱོང་གི་དོན་ལུ་ སྦྱོང་བརྡར་ཚུ་ཡང་ཐོབ་ཡོདཔ་ད་ ཡུན་བརྟན་གྱི་དོན་ལུ་ ནུས་ཤུགས་སྤྱོད་འཐུས་ ཟླ་རིམ་བཞིན་དུ་ དུམ་གྲ་རེ་ བསྡུ་ལེན་འབད་ནི་ཨིན་པས།

ལུང་ནག་ནང་གི་ ཉི་དྲོད་ནུས་ཤུགས་བཙུགས་སྒྲིག་དོན་ལུ་ འཆར་དངུལ་ཚུ་ འབྲུག་གཞུང་གི་ཁ་ཐུག་ལས་ བཏང་ཡོདཔ་ཨིན་པའི་གནས་ཚུལ།

ཚོ་རིང་དབང་འདུས།

Advertisement