༉ ཁ་ཙ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ བླམ་གནས་བརྟན་དང་ དབུ་འཛིན་འོག་མ་ དེ་ལས་ སྲུང་འཁོརཔ་༢ ལུ་ གོ་གནས་གསར་བསྐོས་ཐོག་ བཀྲ་ཤིས་ལེགས་དར་ གནང་ཡོདཔ་ཨིན་པས།

བཀྲ་ཤིས་གཡང་རྩེའི་ བླམ་གནས་བརྟན།
དབང་འདུས་ ཉི་ཤོ་རྒེད་འོག་ གཡུས་དགེ་ལས་ཁ་ལས་ཨིན་མི་ བླམ་གནས་བརྟན་ཚེ་རིང་རྡོ་རྗེ་གིས་ སྐྱེས་ལོ་༡༢ ལས་ སྤུངས་ཐིམ་གྲྭ་ཚང་ནང་འཛུལ་ཞུགས་འབད་དེ་ གར་ཐིག་དབྱངས་གསུམ་གྱི་རིམ་པ་ མཐར་ཕྱིན་མཛད་པའི་ཤུལ་ལས་ མདོ་སྡེ་བྲག་བཤད་གྲྭ་དང་ རྟ་མགོ་ནང་པའི་གཙུག་ལག་སློབ་གྲྭ་ལས་ ཐོས་བསམ་གྱི་རིམ་པ་མཐར་ཕྱིན་ནས་ སྐྱབས་རྗེ་ཞིང་གཤེགས་དམ་པ་༧ རྗེ་བཙུན་བསྟན་འཛིན་དོན་གྲུབ་དང་ རྗེ་མཁན་ཁྲི་རབས་༧༠པ་ སྐྱབས་རྗེ་རྣམ་པ་གཉིས་དང་ རྡོར་སློབ་རིན་པོ་ཆེ་ ངག་དབང་བསོད་ནམས་རྒྱ་མཚོ་ཞབས་ལས་ དབང་ལུང་ཁྲིད་གསུམ་གྱི་ གདམས་ངག་ཡོངས་རྫོགས་ཞུ་སྟེ་ དཔལ་གྱི་རི་སྒྲུབ་སྡེ་ནང་ ལོ་གསུམ་ཕྱོགས་གསུམ་གནང་ཡོདཔ་ཨིན་པས།

ད་རེས་ བཀྲ་ཤིས་གཡང་རྩེ་རབ་སྡེའི་ བླམ་གནས་བརྟན་གྱི་གོ་གནས་ མ་བཞེས་པའི་ཧེ་མར་ སྤ་རོ་གདོང་དཀར་ལ་བླམ་དང་ གཞུང་གྲྭ་ཚང་གི་ ཆོས་རྒྱུགས་དྲུང་ཆེན་འོག་མའི་ གོ་གནས་ཐོག་ ཕྱག་ཞུ་ཡོདཔ་མ་ཚད་ སྤུངས་ཐིམ་གྲྭ་ཚང་ནང་ སྒྲ་པའི་ཞུ་ཆེན་གྱི་ ཕྱག་འགན་ཡང་བཞེས་ཡོདཔ་ཨིན་མས།

རྒྱ་གར་ཀ་ལི་ཕུག་ཕོ་བྲང་ནང་ མི་དབང་མཆོག་གི་སྲུང་འཁོརཔ།
སྤུ་ན་ཁ་ བར་པའི་རྒེད་འོག་ གཡུས་ལོད་སྦིས་ས་ལས་ སྐྱེས་ལོ་༤༤ ལང་མི་ རྒྱ་གར་ཀ་ལི་ཕུག་ཕོ་བྲང་ནང་ མི་དབང་མཆོག་གི་སྲུང་འཁོརཔ་ བཀྲ་ཤིས་དབང་ཕྱུག་གིས་ སྐྱེས་ལོ་༡༠ལས་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ནང་ འཛུལ་ཞུགས་འབད་དེ་ གཞི་རིམ་ཤེས་ཡོན་ལྷགཔ་སྦྱང་འབད་བའི་རྗེས་སུ་ གཞུང་སྦུག་གྲལ་པའི་སྡེ་ཚན་ནང་ སྒྲིག་རྒྱུགས་ཏེ་ གར་ཐིག་དབྱངས་གསུམ་ལུ་སྦྱང་བརྩོན་འབད་ཡོདཔ་ཨིན་པས།

སྤུ་ན་ཁ་ལེགས་བཤད་འབྱུང་གནས་བཤད་གྲྭ་ནང་ སྒྲ་སློབ་ཞིང་གཤེགས་ ཀུན་ལེགས་རྒྱལ་མཚན་ལས་ གཞུང་ཆེན་བཅུ་གསུམ་སྦྱངས་བརྩོན་འབད་བའི་ཤུལ་ལུ་ གཞུང་སྦུག་གྲལ་པའི་སློབ་དཔོན་དང་ འཆམ་གྱི་སློབ་དཔོན་ ལོ་༥ ལྷགཔ་ཅིག་ ཕྱག་ཞུ་ནུག་ཡོདཔ་ཨིན་པས།

དེ་ལས་ སྐྱབས་རྗེ་ཁྲི་ཟུར་ཞིང་གཤེགས་དང་ རྡོར་སློབ་རིན་པོ་ཆེ་དང་ གྲུབ་ཐོབ་ཀརྨ་འགྱུར་མེད་ལ་སོགས་པའི་ རིས་མེད་སྐྱེས་བུ་དམ་པ་རྣམས་ལས་ སྙན་བརྒྱུད་ཕྱག་ཆེན་ཆོས་དྲུག་གི་ གདམས་ངག་ཡོངས་རྫོགས་ཞུས་ཏེ་ ལོ་གསུམ་ཕྱོགས་གསུམ་ཡང་ ཚར་གཉིས་ལྷགཔ་ཅིག་བཅད་ཡོདཔ་ཨིན་པས།

འདི་གིས་མ་ཚད་ ལོ་ངོ་མང་རབས་ཅིག་གི་རིང་ གཞུང་གྲྭ་ཚང་གི་ མཆོད་དཔོན་འབད་ཕྱག་ཞུ་བའི་རྗེས་སུ་ ད་ལྟོའི་ ལས་འགན་མ་འབད་བའི་ཧེ་མར་ ཐིམ་ཕུག་ལྷུང་མཚོ་དགོན་པ་ལུ་ ཐུགས་དམ་གནང་སྟེ་ བཞུགས་ཡོདཔ་ཨིན་པས།

དགེ་ལེགས་ཕུག་བྱང་གསེང་༩ པའི་སྲུང་འཁོརཔ།
དབང་འདུས་ ཕང་ཡུལ་རྒེད་འོག་ གཡུས་ཁྱུང་གནས་དགོན་པ་ལས་ བསྟན་སྲུང་དྲག་པོའི་དམག་སྡེ་གི་ དགེ་ལེགས་ཕུག་བྱང་གསེང་༩ པའི་ སྲུང་འཁོར་གསརཔ་ སྐྱེས་ལོ་༣༦ ལང་མི་ མགོན་པོ་རྡོ་རྗེ་གིས་ སྐྱེས་ལོ་༨ ལས་ དབང་འདུས་གྲྭ་ཚང་ནང་ མཚན་ཐོ་བཀོད་དེ་ ཤར་ཁྱུང་གནས་དགོན་པ་ལུ་ དབྱངས་པའི་སློབ་དཔོན་སྐུ་བགྲེས་ འཆི་མེད་ཀྱི་ཞབས་ས་ལས་ འབྲུག་ལུགས་ཀྱི་ གར་ཐིག་དབྱངས་གསུམ་ཚུ་ལུ་ བརྩོན་སྦྱངས་འབད་ཡོདཔ་ཨིན་པས།

སྐྱེས་ལོ་༡༢ ལས་ ཤར་མཁོ་ཐང་རིན་ཆེན་གླིང་བཤད་གྲྭ་ནང་ ཚོགས་ཀྱི་སློབ་དཔོན་སངས་རྒྱས་མཁའ་འགྲོ་ལས་ དག་ཡིག་རིག་གནས་ལས་འགོ་བཟུང་ འཛིན་རིམ་༤ པ་ཚུན་ སྦྱངས་བརྩོན་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༡༣ ལུ་ རྟ་མགོ་ནང་པའི་གཙུག་ལག་སློབ་གྲྭ་ནང་ལས་ འཛིན་རིམ་༩ པ་མཐར་འཁྱོལ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༦ ལས་ སྐྱབས་རྗེ་ཞིང་གཤེགས་དམ་པ་ རྗེ་བཙུན་བསྟན་འཛིན་དོན་གྲུབ་ཀྱི་ཞབས་ས་ལས་ ཕྱག་ཆེན་སྔོན་འགྲོ་ལས་འགོ་བཟུང་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ ནཱ་རོ་ཆོས་དྲུག་ལ་སོགས་པའི་ ལྟ་སྒོམ་སྤྱོད་འབྲས་ཀྱི་ ཁྲིད་ཡིག་ཚུ་ཞུ་ཞིནམ་ལས་ རྟ་མགོ་རྫོང་ཁ་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་ཡང་གནང་ཡོདཔ་ཨིན་པས།

ད་ལྟོ་ སྲུང་འཁོར་པའི་གོ་གནས་ མ་བཞེས་པའི་ཧེ་མར་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་གི་ རིག་འཛིན་སློབ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

མོང་སྒར་རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ དབུ་འཛིན་འོག་མ།
དབང་འདུས་ ཉི་ཤོ་རྒེད་འོག་ ཡུལ་སྒོ་དགའ་ལས་ སྐྱེས་ལོ་༣༣ ལང་མི་ བསོད་ནམས་རྡོ་རྗེ་གིས་ སྐྱེས་ལོ་༡༤ ལས་ འགོ་བཙུགས་ཏེ་ གཞུང་གྲྭ་ཚང་ནང་འཛུལ་ཞུགས་འབད་དེ་ དཀྱིལ་ཆོག་སྐོར་དང་ རྟ་ལོག་བཤད་གྲྭ་དང་ སྤ་གྲོ་གསང་ཆེན་ཆོས་འཁོར་ དེ་ལས་ རྡོར་གདན་བཀྲིས་ཐང་ལས་ འཛིན་རིམ་༩ པ་ཚང་ཡོདཔ་ཨིན་པས།

ན་ལནྜ་དང་ ལྕགས་རི་དགོན་པ་ལུ་ ལོ་གསུམ་ཕྱོགས་གསུམ་ཚང་བའི་ཤུལ་ལས་ ད་རེས་ མོང་སྒར་རྒྱལ་པོའི་ཞིང་སློབ་གྲྭའི་ དབུ་འཛིན་འོག་མའི་ གོ་གནས་བཞེས་ཡོདཔ་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

 

(གཡོན་ལས་གཡས་ཁ་ཐུག་) སྲུང་འཁོརཔ་བཀྲ་ཤིས་དབང་ཕྱུག་དང་ བླམ་གནས་བརྟན་ཚེ་རིང་རྡོ་རྗེ་ སྲུང་འཁོརཔ་མགོན་པོ་རྡོ་རྗེ་ དེ་ལས་ དབུ་འཛིན་འོག་མ་བསོད་ནམས་རྡོ་རྗེ།

Advertisement