༉ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ ཉིན་གྲངས་༣ གྱི་ གཟིགས་སྐོར་དོན་ལས་ སིངྒ་པུར་ལུ་ ལྷོད་ཡོདཔ་ཨིན་པས།
བློན་ཆེན་གྱིས་ ཨིས་ཏ་ན་སྲིད་འཛིན་ཡིག་ཚང་ནང་སྦེ་ སིངྒ་པུར་གྱི་སྲིད་འཛིན་ ཐར་མཱན་ ཤཱན་མུ་གེ་རཊ་ནཱམ་དང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
ཕྱི་རུ་ཁམས་ཅིག་ཁར་ སིངྒ་པུར་གྱི་ ཕྱི་འབྲེལ་བློན་པོ་ བི་བེན་ བ་ལ་ཀི་རིཤ་ནཱན་གྱིས་ བློན་ཆེན་དང་ འཐུས་མི་སྡེ་ཚན་ལུ་ ཚོགས་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བརྩེ་སེམས་ཅན་གྱི་ བཀྲིས་བདེ་ལེགས་ ཞུ་ཡོདཔ་མ་ཚད་ མགྲོན་སྐྱོང་ལེགས་ཤོམ་འབད་མི་དེ་ལུ་ སིངྒ་པུར་གཞུང་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ ཞུ་ཡོདཔ་ཨིན་པས།
ཁོ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་ཡོད་པའི་སྐོར་ལས་ གསལ་བཤད་འབད་ཡོདཔ་ད་ འབྲུག་གིས་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་མི་ སིངྒ་པུར་ལས་ སེམས་ཤུགས་ཐོབ་ཡོདཔ་བཞིན་དུ་ རྒྱལ་ཁབ་དེ་ དཔལ་འབྱོར་ཡར་རྒྱས་དང་ མི་སྡེའི་ཡར་རྒྱས་ཀྱི་ དཔེ་སྟོན་ཅིག་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ སིངྒ་པུར་གྱི་ གྲུབ་འབྲས་དེ་ རྒྱལ་ཁབ་གཞི་བཙུགས་འབད་མི་ ལི་ ཀུ་ཨཱན་ཡུ་གིས་ འགོ་ཁྲིད་འབད་མི་དང་ གཞན་ཡང་ སིངྒ་པུར་གྱི་ མི་སེར་ཚུ་གི་ སེམས་ཤུགས་དང་ ཁྱད་རིག་ལུ་བརྟེན་ཨིན་ཟེར་ གསུངས་ཡི།
བློན་ཆེན་གྱིས་ ད་རེས་ནངས་པར་ དགེ་ལེགས་ཕུག་གི་ དྲན་ཤེས་ཁྲོམ་སྡེའི་ནང་ མ་རྩ་བཙུགས་ནི་གི་ གོ་སྐབས་དང་ མི་སྟོབས་གོང་འཕེལ་དང་ མི་མང་ལས་སྡེའི་ནང་ བསྒྱུར་བཅོས་ དེ་ལས་ ལྟ་བཤལ་ཡར་དྲག་གཏང་ནིའི་ནང་ མཉམ་འབྲེལ་འབད་ཚུགས་པའི་ ཐབས་ལམ་ཚུ་གི་སྐོར་ལས་ གྲོས་བསྡུར་ལེ་ཤ་ཅིག་ར་འབད་ཡོདཔ་ཨིན་པས།
ད་རིས་ བློན་ཆེན་གྱིས་ ཁོ་རའི་མཉམ་རོགས་ སིངྒ་པུར་གྱི་བློན་ཆེན་ ལའུ་རེནསི་ འོང་དང་ བློན་ཆེན་བགྲེསཔ་དང་ ལི་སེན་ ལུང་དང་གཅིག་ཁར་ མཇལ་ཕྲད་གནང་ནིའི་ ལས་རིམ་ཡོདཔ་ཨིན་པས།
དེ་མ་ཚད་ བློན་ཆེན་གྱིས་ མིལ་ཀེན་སློབ་སྡེ་ ཨེ་ཤི་ཡ་གྲོས་འཛོམས་ནང་ གསུང་བཤད་གནང་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།