༉ ཁ་ཙ་ སིངྒ་པུར་གྱི་ བློན་ཆེན་ལའུ་རེནསི་ འོང་གིས་ ཨིསི་ཊ་ན་ལུ་སྦེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ལུ་ ཉིན་མའི་གསོལ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ལུ་ དབུ་ཁྲིདཔ་གཉིས་ཀྱིས་ ཕན་ཚུན་མཉམ་འབྲེལ་གྱི་གནད་དོན་དང་ འབྲུག་དང་ སིངྒ་པུར་གྱི་བར་ན་ མཉམ་འབྲེལ་ཐབས་ལམ་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ད་ དམིགས་བསལ་དུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ནང་ མ་རྩ་གཞི་བཙུགས་ཀྱི་སྐོར་ལས་ གཙོ་བོར་བཏོན་ཏེ་ གསུང་གྲོས་གནང་ཡོདཔ་ཨིན་པས།
ད་རུང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སིངྒ་པུར་གྱི་ བློན་པོ་གོངམ་དང་ བློན་ཆེན་བགྲེསཔ་ཨིན་མི་ ལི་ སེན་ ལུང་དང་གཅིག་ཁར་ཡང་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བློན་ཆེན་གྱིས་ སིངྒ་པུར་ལུ་ མིལ་ཀེན་གཙུག་སྡེ་གིས་ འགོ་འདྲེན་འཐབ་མི་ ཨེ་ཤི་ཡ་ཞལ་འཛོམས་ཐེངས་༡༡ པའི་ནང་ མིལ་ཀེན་ ཨེ་ཤི་ཡ་གྲལ་གཏོགས་པ་ གཞུང་ཚབ་ཀར་ཊིསི་ ཨེསི་ཅིན་དང་གཅིག་ཁར་ གསུང་གྲོས་གནང་ཡོདཔ་ཨིན་པས།
ལྷག་པར་དུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ གོང་འཕེལ་གཏང་ནི་དང་ ལྟ་བཤལ་ཡར་དྲག་གཏང་ནི་ཚུ་བརྩིས་ཏེ་ འབྲུག་གི་ རྒྱལ་ཡོངས་གཙོ་རིམ་ཚུ་གི་ཐོག་ལུ་ གསུང་གྲོས་གནང་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།