༉ མི་མང་གཞི་རྟེན་མཐུན་རྐྱེན་ གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གིས་ རྩིས་ལོ་༢༠༢༤-༢༥ འི་ནང་ རྒྱལ་ཡོངས་གཞུང་ལམ་༡༡ རྒྱ་སྐྱེད་དང་ གཞུང་ལམ་གསརཔ་༧ བསལ་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༤ ལུ་ སྤྱི་ཚོགས་ལྷན་བཞུགས་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁམས་ཀྱི་སྙན་ཞུ་ གསལ་ཞུ་འབདཝ་ད་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
གཞི་རྟེན་མཁོ་ཆས་ཚུ་ དུས་ཚོད་ཁར་དང་ སྤུས་ཚད་དང་ལྡནམ་སྦེ་ རྐྱབ་ནིའི་དོན་ལུ་ གཞུང་གིས་ དམིགས་བསལ་ལྟ་རྟོག་སྡེ་ཚན་ཅིག་ ལོགས་སུ་འབད་ གཞི་བཙུགས་འབད་འོང་ཟེར་ བློན་ཆེན་གྱིས་ ཞུ་ཡི།
སྒེར་སྡེ།
ཚོང་ལཱ་འབདཝ་ད་ སྟབས་བདེ་དྲགས་བཟོ་ནིའི་དོན་ལུ་ ད་རེས་ སྐྱིན་འགྲུལ་བཀག་བཞག་མི་དེ་ དཔལ་འབྱོར་ལྷན་ཐབས་འཆར་དངུལ་ཐོག་ལས་ ཡངས་ཆག་གཏང་ནི་དང་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ལུ་ སྐྱེད་ཆུང་བའི་ སྐྱིན་འགྲུལ་གྱི་ རྒྱབ་སྐྱོར་འབད་ནི་དང་ ཚོང་འབྲེལ་གྱི་ སྲིད་བྱུས་ལམ་ལུགས་སྒྲིག་གཞི་ཚུ་ བདེ་སྒྲིག་འབད་ནི་ཨིན་པས།
བློན་ཆེན་གྱིས་ ཞུ་མིའི་ནང་ ལྟ་བཤལ་གོང་འཕེལ་དང་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ སྲིད་བྱུས་དང་ལམ་ལུགས་ ཞབས་ཏོག་ཚུ་ ལེགས་བཅོས་འབད་ནི་ཨིནམ་མ་ཚད་ ལྟ་བཤལ་གྱི་ ཚོང་ལམ་འཚོལ་ནི་ནང་ གཙོ་བོར་བཏོན་འོང་ཟེར་ཨིན་པས།
གྲོང་གསེབ་གོང་འཕེལ།
ད་ལྟོའི་རྩིས་ལོ་ནང་ རྒེད་འོག་ལྟེ་བའི་ལམ་ཁག་༢༠ ཉམས་བཅོས་འབད་དེ་ ལོག་རྩི་ནག་གཏང་ནི་ཨིནམ་ད་ སྤྱི་འོག་གི་ལམ་༢༠༠ དེ་ཅིག་ ཉམས་བཅོས་དང་ ལེགས་བཅོས་འབད་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
འབྲུ་སྣ་དང་ ཤིང་འབྲས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ལུ་ གཙོ་རིམ་བཟུང་སྟེ་ དེ་ཚུ་གི་ གོང་ཚད་དེ་ གཞུང་གིས་ འགན་ཁུར་འབག་ནིའི་ལས་རིམ་དང་ སྲིད་བྱུས་གསརཔ་བརྩམ་ནི་ཨིན་ཟེར་ བློན་ཆེན་གྱིས་ ཞུ་ཡི།
སོ་ནམ་པ་ཚུ་ལུ་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་ཉོ་ནི་ལུ་ སྐྱེད་མ་ཕོག་པའི་ སྐྱིན་འགྲུལ་གྱི་ལམ་ལུགས་ གཞི་བཙུགས་འབད་ནི་དང་ ལོ་ཐོག་དང་ སྒོ་ནོར་གྱི་རྒུད་འཐུས་དང་ ཉེན་བཅོལ་གྱི་ སྲིད་བྱུས་དང་འཆར་གཞི་བརྩམ་འོང་ཟེར་ཨིན་པས།
གློག་མེ་འཕྲུལ་ཁང་དང་ བརྡ་དོན་འཕྲུལ་རིག་ དེ་ལས་ མ་རྩ་གཞི་བཙུགས།
བློན་ཆེན་གྱིས་ དུས་ཅི་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་ལས་ ནུས་ཤུགས་བཏོན་ནི་ འགོ་བཙུགས་ནི་དང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པ་ བཟོ་སྐྲུན་གྱི་ལཱ་ཚུ་ དུས་ཅི་ལས་ ལོག་འགོ་བཙུགས་ནི་ཨིན་པའི་ཁར་ མཁོ་ལོང་ཆུ་དང་ སུ་ཆུ་ འབུར་གཱན་ཆུ་ ཡུང་གི་ཆུ་ འབྲུག་བྷིན་དུ་༡ པ་དང་༢ པ་ དེ་ལས་ སྒམ་རི་༡ པ་དང་ འབོད་སྒར་ན་ ཇོ་མོ་རི་གི་ གློག་མེ་ལས་འགུལ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ ཞུ་ཡི།
བརྡ་དོན་འཕྲུལ་རིག་ལུ་ རྒྱབ་སྐྱོར་ཚུ་འབད་དེ་ བརྡ་དོན་འཕྲུལ་རིག་གི་ ཚོང་ལཱ་ཚུ་ལུ་ ཚོང་འབྲེལ་གྱི་ གོ་སྐབས་བྱིན་ནི་ཨིནམ་མ་ཚད་ ཡོངས་འབྲེལ་གྱི་ རྒྱུན་ལམ་གསུམ་པ་ གཏན་འཁེལ་སྦེ་ འགོ་བཙུགས་ནི་དང་ ཡོངས་འབྲེལ་གྱི་ གོང་ཚད་ཕབ་ནིའི་ ལཱ་འགོ་བཙུགས་འོང་ཟེར་ བློན་ཆེན་གྱིས་ ཞུ་ཡི།
རྒྱལ་ཁམས་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ དཔལ་འབྱོར་གོང་འཕེལ་བཀོད་ཚོགས་ཀྱིས་ ཚོང་འབྲེལ་གྱི་ གོ་སྐབས་ངོས་འཛིན་འབད་ནི་དང་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་ལེགས་བཅོས་ ལྷག་པར་དུ་ འབྲུག་མི་ཕྱི་ཁར་སྡོད་མི་ཚུ་ལུ་ མ་རྩ་གཞི་བཙུགས་ དམིགས་བསལ་གྱི་ གོ་སྐབས་བཟོ་སྟེ་བྱིན་ནིའི་ ལས་འཆར་ཡོདཔ་ཨིན་པས།
ན་གཞོན།
ན་གཞོན་ཚུ་ལུ་ རིག་རྩལ་སྤྲོད་ནི་ལུ་ ལག་རྩལ་གྱི་སྦྱོང་བརྡར་སྤེལ་ཁང་ ག་ར་ རྒྱ་སྐྱེད་དང་ ཡར་དྲག་གཏང་ནི་ རྒྱལ་ཡོངས་རྩེད་རིགས་ཀྱི་ འཆར་གཞི་བརྩམ་སྟེ་ ལག་ལེན་འཐབ་ནི་ དེ་ལས་ སློབ་གྲྭ་ཁག་ནང་ རྩེད་རིགས་ལུ་ གཙོ་བོ་བཏོན་ནིའི་ མཐུན་རྐྱེན་དང་ རྒྱབ་སྐྱོར་ཚུ་བྱིན་འོང་ཟེར་ བློན་ཆེན་གྱིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ ན་གཞོན་ཚུ་ ཕྱི་རྒྱལ་ལས་ཕར་ འཕྲོ་མཐུད་ཤེས་ཡོན་ སྦྱང་པར་འགྱོཝ་ད་ རྒྱབ་སྐྱོར་འབད་ནི་ལུ་ སྐྱེད་མེད་པའི་ སྐྱིན་འགྲུལ་བྱིན་ནི་གི་ སྲིད་བྱུས་དང་ འཆར་གཞི་བརྩམ་འོང་ཟེར་ཞུ་ཡི།
སྨྱོ་རྫས་མར་ཕབ་དང་ རྩ་མེད་གཏང་ནིའི་དོན་ལུ་ སྟབས་མ་བདེཝ་ཚུ་ ངོས་ལེན་འབད་དེ་ བརྩོན་ཤུགས་སྦོམ་བསྐྱེད་ཐོག་ལས་ གདོང་ལེན་འབད་ནི་དང་ སྨྱོ་རྫས་སྤྱོད་མི་ ན་གཞོན་སློབ་ཕྲུག་ཚུ་གི་དོན་ལུ་ དམིགས་བསལ་གྱི་ སློབ་གྲྭ་འགོ་བཙུགས་ནི་ཨིནམ་མ་ཚད་ བསྐྱར་གསོ་དང་ སྨན་བཅོས་འབད་ནི་ལུ་ ལྟེ་བ་ཅིག་ ལོགས་སུ་སྦེ་ གཞི་བཙུགས་འབད་འོང་ཟེར་ ཞུ་ཡི།
རང་ལུགས་ལམ་སྲོལ།
གསར་སྤང་རྫོང་ འཕྲོ་མཐུད་བཞེངས་ནི་ཨིན་དང་ རྩ་ཆེ་བའི་ལྷ་ཁང་ རིག་གསུམ་དགོན་པ་དང་ གསང་སྔགས་ཆོས་འཁོར་ ལྷ་ཁང་༥ རྒྱ་སྐྱེད་དང་ ཉམས་གསོ་ཞུ་ནི་ ཐིམ་ཕུག་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ གསར་བཞེངས་འབད་དེ་ དགེ་ཕྲུག་ཚུ་གི་ ཕྱག་དཔེ་དང་ སློབ་སྦྱོང་འབད་སའི་ གནས་སྟངས་ལེགས་ཤོམ་སྦེ་ བཟོ་བྱིན་ནི་ཨིན་པས།
དེ་བཟུམ་སྦེ་ བརྡ་དོན་འཕྲུལ་རིག་གྱི་ཐོག་ལས་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་གཏང་ནི་ལུ་ གཙོ་བོར་བཏོན་ནི་དང་ རྒྱལ་གཞུང་ཟློས་གར་ལྟེ་བ་དེ་ རྒྱ་སྐྱེད་གཏང་ཐོག་ལས་ སྤེལ་ཁང་གི་ སྦྱོང་བརྡར་ལོག་འགོ་བཙུགས་འོང་ཟེར་ཨིན་པས།
གསོ་བ་དང་ཤེས་རིག།
གཞུང་གིས་ ནད་གཞི་ཀེན་སར་གྱི་ དམིགས་བསལ་སྨན་ཁང་གི་ ལས་འགུལ་ཁ་གསལ་སྙན་ཞུ་ བཟོ་ནི་དང་ གསོ་བའི་བློ་གཏད་མ་དངུལ་ རྒྱ་སྐྱེད་གཏང་ནི་ལུ་ ཐབས་ཤེས་དང་ གནས་སྐབས་གསརཔ་བཏོན་ཏེ་ བརྩོན་ཤུགས་བསྐྱེད་ནི་ཨིན་པས།
མི་དབང་མཆོག་གིས་ ཤེས་རིག་ལེགས་སྒྱུར་གྱི་ བཀའ་ཤོག་གནང་མི་དང་འཁྲིལ་ སྙན་ཞུ་དང་ འཆར་གཞི་ དེ་ལས་ ཤེས་རིག་གི་ སྲིད་བྱུས་ཚུ་ གཏན་འཁེལ་སྦེ་ བཟོ་ནི་ཨིནམ་ད་ སློབ་གྲྭ་༦༣ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་གཏང་ནི་གི་ལཱ་ འགོ་བཙུགས་ནི་ཨིན་པས།
མི་མང་ཞབས་ཏོག་སྐྱེལ་སྤྲོད།
གཞུང་གིས་ ཞི་གཡོག་ལྷན་ཚོགས་དང་ མཉམ་འབྲེལ་འབད་དེ་ ཞི་གཡོག་ལེགས་སྒྱུར་གྱི་ལཱ་ཚུ་ འཕྲོ་མཐུད་དེ་འབད་ནི་དང་ མི་མང་ཞབས་ཏོག་ཚུ་ དུས་ཚོད་ཁར་ སྤུས་ཚད་དང་ལྡནམ་སྦེ་ བྱིན་ནི་ལུ་ སྲིད་བྱུས་དང་ ལམ་ལུགས་ སྒྲིག་གཞི་བཟོ་ཞིནམ་ལས་ གཅིག་བསྡོམ་ཞབས་ཏོག་ལྟེ་བ་ཅིག་བཟོ་སྟེ་ ཞབས་ཏོག་བྱིན་ནི་ འགོ་བཙུགས་ནི་ཨིན་པས།
ས་གནས་གཞུང་གི་ འཐུས་མི་ཚུ་དང་ ཞལ་འཛོམས་འཚོག་སྟེ་ འཆར་གཞི་༡༣ པའི་ བསྟུན་གྲོས་འབད་དེ་ གོམས་འདྲིས་སྦྱོང་བརྡར་ཡང་ འཕྲལ་ར་འབད་ནི་ཨིན་པས།
སྡོད་ཁྱིམ་མེད་མི་ཚུ་ལུ་ ཁྱིམ་གྱི་བདག་དབང་བྱིན་ནི་ལུ་ སྐྱེད་ཆུང་བའི་ སྐྱིན་འགྲུལ་གྱི་སྲིད་བྱུས་དང་ འཆར་གཞི་བརྩམ་ནི་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ ཡར་སེང་གི་སྲིད་བྱུས་དང་ འཆར་གཞི་བརྩམ་ནི་ ཨ་ལོ་གསུམ་པ་ སྐྱེ་མི་ ཨའི་ཚུ་ལུ་ ཨ་ལོ་གི་ ཟླ་རིམ་གྱི་འཐུས་བྱིན་ནིའི་སྲིད་བྱུས་དང་ སྒྲིག་གཞི་འཆར་གཞི་ཚུ་ བརྩམ་འོང་ཟེར་ཞུ་འི།
རྒྱལ་རབས་ཅན་གྱི་ལས་འགུལ་ དགེ་ལེགས་ཕུག་རང་སྐྱོང་ལུང་ཕྱོགས་དེ་ མི་དབང་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དགོངས་གཏེར་ཨིན་པའི་ཁར་ ལས་འགུལ་གྱི་ སྲིད་བྱུས་དང་ འཆར་གཞི་ལས་རིམ་ ཐབས་བྱུས་ཚུ་ ག་ར་ མི་དབང་མཆོག་གིས་ དབུ་འཁྲིད་མཛད་གནང་སྟེ་ཡོདཔ་ལས་ མི་དབང་མཆོག་ལུ་ སྙན་གསན་ཕབ་སྟེ་ ལས་འགུལ་གྱི་ལས་བྱེདཔ་ཚུ་དང་ བསྟུན་གྲོས་འབད་དེ་ གཞུང་དང་ མི་སེར་གྱི་ ཁ་ཐུག་ལས་ ཅི་ལྕོགས་གང་ལྕོགས་དང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་འོང་ཟེར་ བློན་ཆེན་གྱིས་ ཞུ་ཡི།
བློན་ཆེན་གྱིས་ ཞུ་མིའི་ནང་ གཞུང་གིས་ རྒྱལ་སྲུང་ལས་འགུལ་ལུ་ རྒྱབ་སྐྱོར་འབད་ནི་དང་ ལས་འགུལ་དེ་ དུས་ཅི་ སྤྱི་ཟླ་༩ པའི་ཚེས་༥ ལུ་ འགོ་འབྱེད་འབད་ནི་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།