༉ སང་ཕོད་ སྤྱི་ཟླ་༡ པའི་ཚེས་༢༧ ལས་ བྷུ་ཊཱན་ཨེ་ཡར་ལ་ཡེནསི་གིས་ སྤ་རོ་དང་ ཧོང་ཀོང་གི་བར་ན་ ཐད་ཀར་གནམ་གྲུའི་ཞབས་ཏོག་ འགོ་བཙུགས་ནི་ཨིན་པས།
མཁའ་འགྲུལ་གསརཔ་ ཞབས་ཏོག་གསརཔ་གིས་ ད་རེས་དང་ཕྱདཔ་ད་ མཁའ་འགྲུལཔ་ཚུ་ལུ་ དུས་ཡུན་ཆུ་ཚོད་༣ དང་༤ དེ་ཅིག་ ཐུང་ཀུ་འགྱོ་ནི་ཨིནམ་ད་ དེ་ཡང་ ཧོང་ཀོང་ལུ་ ཀཱཐ་མཱན་ཌུ་དང་ ནེ་པཱལ་ ཡང་ཅིན་ བེང་ཀོག་བརྒྱུད་དེ་ འགྱོ་དོ་ཡོདཔ་ཨིན་པས།
བེཊ་ནམ་དང་ མ་ལེ་ཤི་ཡ་གི་ མཁའ་འགྲུལ་ཞབས་ཏོག་དེ་ མཐར་འཁྱོལ་ཅན་ཅིག་སྦེ་ འགོ་བཙུགས་པའི་ཤུལ་ལས་ བྷུ་ཊཱན་ཨེ་ཡར་ལ་ཡེནསི་གིས་ རྒྱལ་སྤྱི་མཁའ་འགྲུལ་ཞབས་ཏོག་དེ་ ཧོང་ཀོང་ལུ་ རྒྱ་སྐྱེད་འབད་དོ་ ཡོདཔ་ཨིན་པས།
བྷུ་ཊཱན་ཨེ་ཡར་ལ་ཡེནསི་གི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ སྤ་རོ་དང་ ཧོང་ཀོང་གི་བར་ན་ ལོ་བསྟར་ གཏན་འཇགས་མཁའ་འགྲུལ་ཤོ་ཐེངས་༡༦ འབད་ནི་ཨིནམ་ད་ དེ་ཡང་ འགྲུལ་པ་ལེ་ཤ་ འོང་པའི་དུས་ཚོད་ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
གནམ་གྲུའི་ཤོག་འཛིན་འཐུས་ཡང་ ཨི་ཀོ་ནོ་མི་ ཀ་ལཱསི་ལུ་ དངུལ་ཀྲམ་༨༡,༠༠༠(ཡུ་ཨེསི་ཌོ་ལར་༩༦༠) དང་ བི་ཛི་ནེསི་ཀ་ལཱསི་ལུ་ དངུལ་ཀྲམ་༡༠༥,༠༠༠(ཡུ་ཨེསི་ཌོ་ལར་༡,༢༥༠)སྦེ་ བཟོ་སྟེ་ཡོདཔ་ཨིན་པས།
མཁའ་འགྲུལཔ་ཅིག་གིས་ སླབ་མིའི་ནང་ ཞབས་ཏོག་གིས་ དུས་ཚོད་མར་ཕབ་དང་ རྒྱལ་ཁབ་གཞན་བརྒྱུད་དེ་ འགྱོ་བའི་སྐབས་ ཧོང་ཀོང་ལུ་ ལྷོད་ནི་ལུ་ དུས་ཚོད་༨ ལས་༩ དེ་ཅིག་ འགོརཝ་མས་ཟེར་ཨིན་པས།
བྷུ་ཊཱན་ཨེ་ཡར་ལ་ཡེནསི་གི་ བཀོད་ཁྱབ་གཙོ་འཛིན་ པདྨ་ཨེན་ ན་དིག་གིས་ སླབ་མིའི་ནང་ མཁའ་འགྲུལ་ལམ་གསརཔ་གིས་ མཁའ་འགྲུལཔ་ཚུ་ལུ་ གཞན་མ་དང་མ་འདྲ་བའི་ འབྲུག་པའི་མཛེས་ཆ་དང་ ལམ་སྲོལ་ལ་སོགས་པ་ཚུ་ ཉམས་མྱོང་འབད་ནིའི་གོ་སྐབས་ཚུགས་ འཐོབ་ཚུགས་ཟེར་ཨིན་པས།
ངལ་གསོའི་སྐབས་ འགྲུལ་པ་ཚུ་ ཕར་ཚུར་འགྱོ་དོ་ཡོད་མི་བསྟུན་ ཞབས་ཏོག་འགོ་བཙུགས་ཡོདཔ་བཞིན་དུ་ ཧོང་ཀོང་གི་ མི་སེར་ཚུ་གིས་ཡང་ འབྲུག་ལུ་ ལྟ་སྐོར་འོང་ནིའི་ གོ་སྐབས་འཐོབ་ཚུགས་ཟེར་ བཀོད་ཁྱབ་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ད་རེས་ བྷུ་ཊཱན་ཨེ་ཡར་ལ་ཡེནསི་གིས་ བདུན་ཕྲག་མཁའ་འགྲུལ་སྦེ་ ཀཱོལ་ཀ་ཏ་བརྒྱུད་དེ་ བེང་ཀོག་ལས་ སྤ་རོ་ལུ་ འཕུར་འགྲུལ་འབད་དོ་ཡོདཔ་ད་ རེས་གཟའ་སྤེན་པ་མ་བརྩིས་བར་ བདུན་ཕྲག་རེ་ནང་ ཀཱཐ་མཱན་ཌུ་བརྒྱུད་དེ་ མཁའ་འགྲུལ་ཞབས་ཏོག་ཚར་༦ རེ་ བྱིན་དོ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement