༉ སྤྱི་ལོ་༢༠༤༧ ལུ་ལྷོད་པའི་བསྒང་ལས་ འབྲུག་པའི་མི་ཁུངས་ མི་༡༠ ཡོད་ས་ལས་ མི་༡ སྐྱེས་ལོ་༦༥ ལང་མི་སྦེ་ འཐོན་ནི་ཨིནམ་ད་ མི་༥ འི་གྲས་ལས་༡ སྐྱེས་ལོ་༦༠ ཡན་ཆད་ནང་ཚུད་ནི་ཨིནམ་བཞིན་དུ་ དེ་གི་སྐབས་ལུ་ ལོ་ན་རྒས་ཤོས་ཀྱི་ གྱངས་ཁའི་ཚད་གཞི་དེ་ གདོང་ལེན་ཅན་ཅིག་སྦེ་ འབྱུང་ནི་ཨིན་པས།
ད་ལྟོ་བཟུམ་འབད་བ་ཅིན་ མི་མང་ཤོས་ཅིག་ འཕྲོད་བསྟེན་ལེགས་ཤོམ་མེད་མི་དང་ སྡོད་ཁྱིམ་མེད་མི་ བཟའ་འཐུང་ཉེན་སྲུང་མེད་མི་ དངུལ་འབྲེལ་གྱི་དཀའ་ངལ་ཡོད་མི་ དམིགས་བསལ་གྱི་ གྲོང་གསེབ་ལུང་ཕྱོགས་ཚུ་ནང་ མངམ་སྦེ་ འཐོན་དོ་ཡོདཔ་ཨིན་པས།
འདི་བཟུམ་གྱི་གནད་དོན་ཚུ་ ཧ་གོ་ཞིནམ་ལས་ འབྲུག་རྒན་ཤོས་མི་ཁུངས་རྒྱལ་འཛིན་སྲིད་བྱུས་༢༠༢༣ ཅན་མ་དེ་ མཐའ་བཅད་བཟོ་བའི་བསྒང་ཡོདཔ་ཨིན་པས།
རྒྱལ་འཛིན་རྒན་ཤོས་ཚོགས་པའི་དོན་ལུ་ སྲིད་བྱུས་ཀྱི་དམིགས་ཡུལ་དེ་ འབྲུག་མི་རྒན་ཤོས་ཚུ་ དོན་དང་ལྡན་པའི་གུ་ ལྕོགས་གྲུབ་ཅན་དང་ འཕྲོད་བསྟེན་ཅན་ བརྩི་མཐོང་ཅན་སྦེ་ ཐོབ་དབང་དང་གོ་སྐབས་ཚུ་ འདྲ་མཉམ་ཐོག་ལུ་ མི་ཚེ་སྐྱོང་ནི་ཨིན་ཟེར་ཨིན་པས།
ཐིམ་ཕུག་ལུ་ འབྲུག་རྒན་ཤོས་མི་ཁུངས་རྒྱལ་འཛིན་སྲིད་བྱུས་༢༠༢༣ ཅན་མའི་ལས་རིམ་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསལ་བཤད་འབད་མིའི་ནང་ གནད་དོན་དེ་ སྲིད་བྱུས་ནང་ འོས་འབྱོར་ཅན་ཅིག་ཨིནམ་སྦེ་ བཤད་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ དབུ་ཁྲིད་བཟང་པོའི་འོག་ལུ་ འབྲུག་པའི་མི་སེར་ཚུ་ དུས་ནམ་ར་འབད་རུང་ ལྕོགས་གྲུབ་ཅན་གྱི་ བཟའ་ཚང་དང་ མི་སྡེའི་རྒྱབ་སྐྱོར་ སྒྲིང་སྒྲི་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ བློན་ཆེན་གྱི་ཚ་གྱང་གཅིགཔོ་དེ་ དུས་ཀྱི་གྱུར་བ་དང་བསྟུན་ ན་གཞོན་ཚུ་ ཁྲོམ་ཁ་དང་ ཕྱི་རྒྱལ་ལུ་ གནས་སྤོ་འགྱོ་དོ་ཡོད་མི་དེ་ཨིནམ་ལས་ དེ་གིས་ སྔར་སྲོལ་གྱི་ མཐའ་སྐྱོང་གཞི་བཀོད་ཚུ་ མེདཔ་འགྱོཝ་མས་ཟེར་ཨིནམ་ད་ སྔར་སྲོལ་གྱི་ལམ་སྲོལ་དེ་ སྲུང་སྐྱོབ་འབད་དགོ་པའི་ཁར་ བཟའ་ཚང་ནང་འཁོད་ལུ་ རྒན་ཤོས་ཀྱི་མི་ཁུངས་ བདག་འཛིན་འཐབ་ནི་དེ་ གལ་ཆེཝ་སྦེ་འདུག་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ མི་དབང་མངའ་ཞབས་ཀྱིས་ ཁོང་ཆ་ཁྱབ་ལུ་ ཕན་བདེའི་ཐུགས་ཀྱི་ཚང་གྱང་གི་ ལམ་སྟོན་འོག་ལུ་ གསོ་བའི་མཐའ་སྐྱོང་དང་ དངུལ་འབྲེལ་གྱི་རྒྱབ་སྐྱོར་ སྡོད་ཁྱིམ་ ཡང་ཅིན་ ལཱ་གཡོག་གི་གོ་སྐབས་ཚུ་ ལས་རིམ་དང་ སྲིད་ཀྱི་ཐོག་ དུས་དང་དུས་སུ་ ཡོདཔ་སྦེ་བཟོ་དོ་ཟེར་ཨིན་པས།
འབྲུག་རྒན་ཤོས་མི་ཁུངས་རྒྱལ་འཛིན་སྲིད་བྱུས་ལག་ལེན་དང་ ཡུན་བརྟན་དོན་ལུ་ བློན་ཆེན་གྱིས་ སྲིད་ཀྱི་ཐོག་ལུ་ སྤྱིར་བཏང་གི་ འགན་ཁུར་འབག་དགོཔ་སྦེ་ཨིནམ་ད་ ད་ལྟོའི་སྲིད་དོན་དང་ འཁྲིལ་བ་ཅིན་ འགན་ཁུར་ཚུ་ མང་ཤོས་ར་ གཞུང་ལུ་ཕོག་སྟེ་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ ཞི་བའི་མི་སྡེ་ལས་ཚོགས་དང་ ས་གནས་གཞུང་ སྒེར་སྡེ་ ཆོས་ཕྱོགས་ ངོ་རྐྱང་གི་བཟའ་ཚང་ཚུ་ གལ་ཆེཝ་སྦེ་ ཚུད་དེ་ཡོད་ཟེར་ཨིན་པས།
འབྲུག་རྒན་ཤོས་མི་ཁུངས་རྒྱལ་འཛིན་སྲིད་བྱུས་༢༠༢༣ གྱི་དོན་ལུ་ ན་ཧིང་ ཤོག་གྲངས་༡༦ འབད་མི་ ཡིག་ཆ་ཅིག་འགོ་འབྱེད་འབད་ཡི་ཟེར་ཨིནམ་ད་ དེ་ཁར་གནད་དོན་གཙོ་བོ་༩ ཚུད་དེ་ཡོད་ཟེར་ ཨིནམ་བཞིན་དུ་ བཟའ་ཚང་ཡར་དྲག་གཏང་ནི་དང་ མི་སྡེ་རྒྱབ་སྐྱོར་ལམ་ལུགས་ དཔལ་འབྱོར་ཉེན་སྲུང་ གསོ་བའི་འཕྲོད་བསྟེན་ ཞི་བདེ་ རྒན་ཤོས་ཚུ་ལུ་ མཁོ་ཆེ་བའི་གཞི་རྟེན་ དེ་ལས་ མི་མང་ཞབས་ཏོག་འགྲུབ་ནི་ཚུ་ཨིན་པས།
སྲིད་བྱུས་ནང་ སྣ་མང་གི་གནད་དོན་ཚུ་ཡང་ ཉེན་སྲུང་ བརྡ་བརྒྱུད་ཐོབ་སྤྱོད་ རྒན་རིམ་ཚུ་ལུ་ ཞིབ་འཚོལ་འབད་ནི་ཚུ་ཨིན་པས།
སྲིད་བྱུས་ནང་ གཞི་རྟེན་མཁོ་ཆས་བར་ཞུགས་སོང་མི་དང་ གནད་དོན་གཞན་དང་གཞན་ཡང་ ལེ་ཤ་ཅིག་ར་ཡོདཔ་ལས་ དགོངས་ཞུས་སོང་མི་ཚུ་ལུ་ དགོས་མཁོ་དང་འབྲེལ་ དགོངས་ཞུའི་ཟུར་ཕོགས་ཚུ་ རྒན་ཤོས་ཚུ་ལུ་ མི་ཚེའི་གནས་སྟངས་དང་ ཆ་མཐུནམ་སྦེ་ དགོཔ་བཟོ་ནི་ཚུ་ཨིན་པས།
བཅའ་མར་གཏོགས་མི་ཅིག་གིས་ བཤད་མིའི་ནང་ ལོ་ན་རྒན་ནི་དེ་ རང་བཞིན་ཅིག་ཨིནམ་ལས་ སྲིད་བྱུས་ཚུ་ ལེགས་ཤོམ་དགོཔ་ཡོད་མི་དེ་ཡང་ རྒན་ཤོས་ཚུ་གིས་ མི་སྡེའི་ནང་ འགན་ཁུར་ཚུ་ འཕྲོ་མཐུད་དེ་ར་ འབག་ཚུགསཔ་འབད་དགོ་ཟེར་ཨིན་པས།
འབྲུག་ལུ་ ལོ་ན་རྒན་ཤོས་ཀྱི་ འཕེལ་ཚད་དེ་ ཡར་སེང་སོང་མི་དང་ སྐྱེ་རྒྱུན་གྱི་ཚད་གཞི་ མར་བབས་སོང་མི་ མིའི་ཚེ་ཚད་ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་པས།
སྤྱིལོ་༢༠༢༢ ལུ་ སྐྱེས་ལོ་༦༠ ཡན་ཆད་འབད་མི་དེ་ མི་རློབས་ལས་བཅད་དེ་འབདཝ་ད་ བརྒྱ་ཆ་༩.༥ ཡོདཔ་ད་ སྤྱི་ལོ་༢༠༤༧ ལུ་ ཚད་གཞི་དེ་ བརྒྱ་ཆ་༡༩.༧ སྦེ་ ལོག་ལྟབ་ཡར་སེང་འགྱོ་ནི་ཨིན་པའི་ཁར་ འདི་དང་འདྲཝ་སྦེ་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་ཡང་ སྤྱི་ལོ་༢༠༢༢ ལུ་ བརྒྱ་ཆ་༦.༦ འབད་མི་དེ་ སྤྱི་ལོ་༢༠༤༧ ལུ་ བརྒྱ་ཆ་༡༣.༤ ལུ་ ལྷོད་ནི་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།