༉ ལོ་༩ འི་ནང་འཁོད་ལུ་ སྤྱི་ལོ་༢༠༢༤ ལུ་ར་ འབྲུག་གཞུང་འཕྲུལ་རིག་ལས་སྡེའི་འོག་ལུ་ཡོད་པའི་ འབྲུག་ཀམ་པུས་ཊར་བྱུང་རྐྱེན་གདོང་ལེན་སྡེ་ཚན་གྱིས་ ཡོངས་འབྲེལ་ཉེན་སྲུང་འཇིགས་སྐུལ་དང་ དྲག་རྒོལ་གྱི་ གནད་དོན་༢༠༤ སྙན་ཞུ་འབད་ནུག།
འཕྲུལ་རིག་གོང་འཕེལ་འགྱོ་མི་དང་བསྟུན་ གནད་དོན་དེ་ ལོ་བསྟར་བཞིན་དུ་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས།
ཡོངས་འབྲེལ་ཉེན་སྲུང་གནད་དོན་དེ་ རྩུབ་སྤྱོད་དང་ གཡོ་སྒྱུ་ ལམ་ལུགས་ཀྱི་ཉེན་ཁ་དང་ གནོདཔ་ཅན་གྱི་གསང་ཡིག་ཚུ་ བཙན་འཛུལ་འབད་ནི་གི་ དཔའ་བཅམ་མི་ཚུ་ ཡོདཔ་ཨིན་པས།
སྡེ་ཚན་གྱིས་ རྒྱལ་ཡོངས་ཡོངས་འབྲེལ་ཉེན་སྲུང་གྲོས་འཛོམས་༢༠༢༤ ལུ་ རྒྱལ་ཡོངས་ཡོངས་འབྲེལ་ཉེན་སྲུང་ཐབས་བྱུས་༢༠༢༤-༢༠༢༩ འགོ་འབྱེད་འབད་ཡོདཔ་ད་ ཐབས་བྱུས་དེ་ཡང་ ཡོངས་འབྲེལ་ཨིསི་པིས་ཉེན་སྐྱོབ་དང་ ཡོངས་འབྲེལ་ཉེན་སྲུང་ཉེན་ཁ་དང་ འཇིགས་སྐུལ་ལུ་བརྟེན་ མི་དང་ ཚོང་འབྲེལ་འཐབ་མི་ དེ་ལས་ གཞུང་ལུ་ ཉེན༌ཁ་ཚུ་ བཀག་ཐབས་འབད་ཚུགས་ནི་ཨིན་པས།
ཐབས་བྱུས་ལུ་ ཡོངས་འབྲེལ་ཉེན་སྲུག་གཙུག་སྡེའི་གཞི་བཀོད་ཐོག་ལས་ རྒྱལ་ཡོངས་ཡོངས་འབྲེལ་ཉེན་སྲུང་གཞུང་སྐྱོང་དང་ མཉམ་འབྲེལ་ལྷན་ཐབས་འབད་ནི་དང་ ཡོངས་འབྲེལ་བྱུང་རྐྱེན་དང་ ཡོངས་འབྲེལ་ཁྲིམས་འགལ་འབྲེལ་བ་འཐབ་པའི་སྐབས་ ཡོངས་འབྲེལ་ཁྲིམས་བཟོའི་གཞི་བཀོད་ཡར་དྲག་གཏང་ནི་ གདོང་ལེན་གྱི་དོན་ལུ་ བརྡ་དོན་གཞི་རྟེན་ཉེན་སྲུང་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་ལེགས་ཤོམ་འབད་ཐོག་ལས་ བྱུང་རྐྱེན་གདོང་ལེན་ཕན་འདེབས་བརྩིས་ཏེ་ གཙོ་རིམ་ཅན་གྱི་དམིགས་ཡུལ་༤ ཡོདཔ་ཨིན་པས།
དེ་བཟུམ་མའི་ ཐབས་བྱུས་དེ་ འབྲུག་ལུ་ ཡོངས་འབྲེལ་ཐོག་གི་ གནད་དོན་བྱུང་མི་ཚུ་ མར་ཕབ་འབད་ཐབས་ལུ་ ཐབས་ལམ་ཚུ་ བཏོན་ཐོག་ལས་ དུས་རྒྱུན་དུ་ འཕེལ་འགྱུར་འགྱོ་བའི་བསྒང་ཡོད་མི་ ཡོངས་འབྲེལ་ཉེན་ཁ་ཚུ་ ཕན་ནུས་ཅན་སྦེ་ གདོང་ལེན་འབད་ནི་ལུ་ གལ་ཅན་ཅིག་ཨིན་པས།
འབྲུག་ལུ་ འཕྲུལ་རིག་ལུ་བརྟེན་ སྡོད་མི་དེ་ ཡར་འཕར་འགྱོ་མི་དང་བསྟུན་ ཡོངས་འབྲེལ་ཉེན་སྲུང་འཇིགས་སྐུལ་གྱི་ གནད་དོན་དེ་ ཉེན་ཁ་ཅན་ཅིག་ལུ་ འགྱུར་ཏེ་ཡོདཔ་ད་ ཀུན་ཚང་ཐབས་བྱུས་ཀྱིས་ ཉེན་ཁ་མར་ཕབ་དང་ རྒྱལ་སྤྱི་མཉམ་འབྲེལ་ཡར་ དེ་ལས་ ཡོངས་འབྲེལ་ཨིསི་པེས་གི་ གདོང་ལེན་འབད་ནི་ལུ་ ལྷན་ཐབས་འབད་བྱུང་ཚུགས་ནི་ཨིན་པས།
ཐབས་བྱུས་ཡིག་ཆ་དང་འཁྲིལ་བ་ཅིན་ མཐར་འཁྱོལ་ཅན་གྱི་ རྒྱལ་ཡོངས་ཡོངས་འབྲེལ་ཉེན་སྲུང་གི་ ཐབས་བྱུས་བཟོ་ནི་ལུ་ འཛམ་གླིང་གནས་སྟངས་ཀྱི་ གོ་བ་བརྡ་སྤྲོད་རྐྱངམ་གཅིག་མེན་པར་ འབྲུག་གིས་ ཡོངས་འབྲེལ་སྲུང་སྐྱོབ་ནང་ དམིགས་བསལ་གྱི་ གནད་དོན་ཚུ་ ཧ་གོ་དགོ་ཟེར་ཨིན་པས།
ཡོངས་འབྲེལ་ན་སྲུང་གཙུག་སྡེ་གཞི་བཀོད་ཐོག་ལས་ རྒྱལ་ཡོངས་གློག་ཐོག་གཞུང་སྐྱོང་དང་མཉམ་འབྲེལ་ལྷན་ཐབས་ལུ་ ཐབས་བྱུས་ནང་ མཉམ་འབྲེལ་དང་ གཞུང་གི་ལས་སྡེ་དང་ སྒེར་སྡེ་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་ འབྲེལ་གཏོགས་འབད་དེ་ ཌི་ཇི་ཊཱལ་འཇིགས་སྐུལ་ཚུ་ དོན་སྨིན་ཅན་སྦེ་ སེལ་ཐབས་འབད་ནི་ལུ་ ཐབས་ལམ་བཏོན་དགོཔ་སྦེ་ཨིན་པས།
ད་རེས་ སྡེ་ཚན་དེ་ རྒྱལ་ཡོངས་ཉེན་སྲུང་དང་འབྲེལ་བའི་ ཡོངས་འབྲེལ་ཉེན་སྲུང་གི་ འབྲེལ་བ་འཐབ་སའི་ ལྟེ་བ་ཅིག་སྦེ་ ལག་ལེན་འཐབ་སྟེ་ཡོདཔ་ད་ ཨིན་རུང་ གཞུང་གིས་ གཞི་སྒྱུར་འབད་མི་གིས་ གློ་ཐོག་ཉེན་སྲུག་གནད་དོན་ ལག་ལེན་འཐབ་མི་གི་ འགན་ཁྲི་དང་ ལཱ་འགན་ཚུ་ དྭངས་གསལ་མེདཔ་སྦེ་ སོང་སྟེ་ཡོདཔ་ཨིན་པས།
ཡོངས་འབྲེལ་གཙུགས་སྡེ་གཞི་བཀོད་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ ཐབས་བྱུས་གཞི་བཀོད་ནང་ ཡོངས་འབྲེལ་ཉེན་སྲུང་ནང་ འབྲེལ་བ་འཐབ་མི་རེ་གི་ འགན་ཁྲི་ཚུ་ དྭངས་གསལ་ཐོག་ལས་ བཀོད་དེ་ཡོདཔ་ཨིན་པས།
ཐབས་བྱུས་དེ་གིས་ གློག་ཐོག་བྱུང་རྐྱེན་ཚུ་ལུ་ དེ་འཕྲོ་ལས་ ལན་གསལ་འབད་ནིའི་དོན་ལུ་ ཁྲིམས་དོན་གྱི་ཐབས་ལམ་ཚུ་ གཞི་བཙུགས་འབད་དེ་ གློག་ཐོག་ཉེན་སྲུང་གི་ ཁྲིམས་བཟོའི་གཞི་བཀོད་སྒྲིང་སྒྲི་ཅིག་ དགོས་མཁོ་ཡོདཔ་སྦེ་ གསལ་བཀོད་འབདཝ་ཨིན་པས།
དེ་གིས་ ཡོངས་འབྲེལ་ཉེས་ཅན་ཚུ་ལུ་ ཁྲིམས་བསྟར་སྤྱོད་འབད་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་མ་ཚད་ རྒྱལ་ཡོངས་ཡོངས་འབྲེལ་ཉེན་སྲུང་དང་ བཟོད་བསྲན་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་པས།
ཐབས་བྱུས་ནང་ རྒྱལ་ཁབ་ཀྱི་ བརྡ་དོན་གཞི་རྟེན་གལ་ཅན་ཉེན་སྐྱོབ་དང་ དེ་གི་ ཡོངས་འབྲེལ་འཇིགས་སྐུལ་གདོང་ལེན་དང་ གཞན་དཀའ་ངལ་ལྷན་ཐབས་ལུ་ ཨའི་ཨའི་ཉེན་སྐྱོབ་ཚད་འཛིན་གཞི་བཀོད་ གཞི་བཙུགས་འབད་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
གཞི་བཀོད་ནང་ གློག་ཐོག་འཇིགས་སྐུལ་དང་ རང་བཞིན་གྱི་རྐྱེན་ངན་ དེ་ལས་ ཕྱི་དངོས་འཇིགས་སྐུལ་ལས་ ཉེན་སྐྱོབ་འབད་ནི་ལུ་ འབྲེལ་ཡོད་ཚད་འཛིན་དང་ སྲིད་བྱུས་ དེ་ལས་ གནས་ཚད་ཚུ་ ཡོདཔ་ཨིན་པས།
བྱུང་རྐྱེན་གདོང་ལེན་ལྷན་ཐབས་ལུ་ ཐབས་བྱུས་ནང་ ཉེན་སྲུང་ལག་ལེན་ལྟེ་བ་ གཞི་བཙུགས་འབད་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ཡོདཔ་ད་ དེ་གིས་ འཕྲོ་མཐུད་ལྟ་རྟོག་དང་ གནོད་ཉེན་ཤེས་རྟོགས་ལ་སོགས་པ་ཚུ་ བདའ་ཟུན་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement