༉ ལྷུན་རྩེ་ མཁོ་མ་རྒེད་འོག་ནང་ ནང་འཁོད་ལྟ་བཤལ་པའི་གྱངས་ཁ་ ཡར་སེང་འགྱོ་མི་དང་བསྟུན་ ཕྱགས་སྙིགས་དང་འབྲེལ་བའི་ དཀའ་ངལ་ཚུ་ཡང་ ཐོན་བཞིན་དུ་ཡོདཔ་ཨིན་པས།
མཐའ་འཁོར་གནས་སྟངས་ལུ་ གདོང་ལེན་ཡར་སེང་འགྱོ་དོ་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ ས་གནས་ཀྱི་ མི་སེར་ཚུ་གིས་ རུལ་མ་བཏུབ་པའི་ ཕྱགས་སྙིགས་སྣུམ་འཁོར་ བོ་ལི་རོ་༢ བསྡུ་ལེན་འབད་ཡོདཔ་ཨིན་པས།
རོལ་མ་སྟེང་-ཚང་གོ་ཚོགས་པ་ ཤཱཀྱ་དབང་ཕྱུགས་ཀྱིས་ སླབ་མིའི་ནང་ ས་གནས་ནང་ ལྟ་བཤལ་པའི་ གྱངས་ཁ་ཡར་སོང་མི་འབྲེལ་ ཕྱགས་སྙིགས་ཚུ་ཡང་ ཡར་སེང་སོང་ཡི་ཟེར་ཨིན་པས།
གནས་སྐོརཔ་ལ་ལུ་ཅིག་གིས་ འགན་ཁུར་འབག་སྟེ་ ཕྱགས་སྙིགས་ཚུ་ ལོག་ཁོང་རང་གིས་ འབག་འགྱོ་དོ་ཡོད་རུང་ ལ་ལུ་ཅིག་གིས་ མཐའ་འཁོར་གནས་སྟངས་ལུ་ བརྩི་མཐོང་དེ་ཅིག་མ་བསྐྱེད་པར་ ཕྱགས་སྙིགས་ཚུ་ བཀོ་བཞག་དོ་ཡོདཔ་ཨིན་པས།
འཁོར་ལམ་བདའ་སྟེ་ ཕྱགས་སྙིགས་བཀོག་བཞག་སའི་ ས་ཁོངས་ཚུ་ཡོད་རུང་ ལྟ་བཤལཔ་མང་ཤོས་ཅིག་གིས་ ལག་ལེན་འཐབ་མི་བཏུབ་དོ་ཡོདཔ་ཨིན་པས།
སོ་ནམ་པ་ ཉི་མ་ལ་གིས་ སླབ་མིའི་ནང་ གནས་སྟངས་དེ་ གང་མགྱོགས་སྦེ་ བསལ་མ་ཚུགས་པ་ཅིན་ ཕྱགས་སྙིགས་ཡར་སེང་འགྱོ་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་མིང་གཏམ་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡོདཔ་ད་ ཕྱགས་སྙིགས་སྐོར་ལས་ གོ་བ་བརྡ་སྤྲོད་འབད་དེ་ ག་ར་གིས་ འགན་ཁུར་འབག་དགོཔ་ གལ་ཆེ་བས་ཟེར་ཨིན་པས།
ས་གནས་ཀྱི་མི་ཚུ་གིས་ ས་ཁོངས་བདག་འཛིན་འཐབ་ནིའི་དོན་ལུ་ དུས་རྒྱུན་ཕྱགས་སྙིགས་བསྡུ་བསྒྱོམ་གྱི་ཉིནམ་ བརྩི་སྲུང་འབད་དོ་ཡོད་རུང་ ཕྱགས་སྙིགས་ཀྱི་དཀའ་ངལ་དེ་ འཕྲོ་མཐུད་དེ་ར་ ཐོནམ་མས་ཟེར་ཨིན་པས།
གནས་ཆེན་སེངྒེ་རྫོང་མཇལ་བར་ ལྟ་བཤལཔ་༤༠༠དེ་རེ་ འོང་དོ་ཡོདཔ་ལས་ དམིགས་བསལ་ཕྱགས་སྙིགས་ཀྱི་ དཀའ་ངལ་ཐོན་དོ་ཡོདཔ་ད་ མཁོ་མ་གཡུས་ཚན་གྱི་འོག་ལུ་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ཆུང་ཀུ་ཅིག་ བཟོ་ཡོད་མིའི་ནང་ ཧེ་མ་ལས་ར་ ཕྱགས་སྙིགས་ཀྱི་ལུད་ཡོད་པའི་ཁར་ ཕྱགས་སྙིགས་ཚུ་ཡང་ རོ་ཁྱི་ཚུ་གིས་ ག་ལྷོད་སྟོར་ཡོདཔ་ཨིན་པས།
ཚོང་པ་འདུན་ལྡན་གྱིས་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་བྱུང་མི་ལུ་ ཚ་གྱང་ཡོད་ལུགས་ཚུ་བཤད་ཡོདཔ་ད་ ཕྱགས་སྙིགས་ཚུ་ ཕྱགས་སྙིགས་བཀོག་སའི་ས་ཁོངས་ནང་ མ་འབག་པའི་ཧེ་མར་ ཕྱགས་སྙིགས་ཚུ་ ཕྱི་སེལ་རྐྱབ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
འཕྲལ་འཕྲལ་ར་ གནས་སྐོརཔ་ཚུ་གིས་ ཕྱགས་སྙིགས་ཚུ་ གཡུས་ཁའི་སྣུམ་འཁོར་བཞག་སའི་ས་ཁོངས་ཀྱི་ སྦོ་ལོགས་ཁར་བཀོག་བཞག་དོ་ཡོདཔ་ལས་ དཀའ་ངལ་དེ་ ཧེང་སྐལ་ར་ བྱུངམ་མས་ཟེར་ འདུན་ལྡན་གྱིས་ བཤདཔ་ཨིན་པས།
ད་རེས་ མཁོ་མ་རྒེད་འོག་གིས་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནིའི་དོན་ལུ་ སེངྒེ་རྫོང་ནང་ གནས་སྐོར་འགྱོ་མི་ཚུ་ལུ་ མི་རེ་ལས་ དངུལ་ཀྲམ་༡༠༠རེ་ བསྡུ་ལེན་འབད་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་གི་ ཐབས་བྱུས་༢༠༡༩ ཅན་མ་དང་འཁྲིལཝ་ད་ ལམ་སེལ་ལས་ཁུངས་དང་ ལྟ་བཤལ་ཚོགས་སྡེ་བརྩིས་ཏེ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ འཁོར་ལམ་ཚུ་ ཧིང་སངས་ས་བཟོ་ནི་དང་ མི་ལམ་བདའ་སྟེ་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནིའི་ འགན་ཁུར་འབག་སྟེ་ ཡོདཔ་ཨིན་པས།
མཁོ་མ་རྒཔོ་ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ཕྱགས་སྙིགས་ཚུ་ འཛིན་སྐྱོང་འཐབ་ནི་དེ་ ལྟ་བཤལཔ་ག་ར་གིས་ འགན་ཁུར་ཨིན་ཟེར་ཨིན་པས།
ང་བཅས་རའི་ མི་སྡེ་ནང་ ཕྱགས་སྙིགས་དེ་ དཀའ་ངལ་སྦོམ་ཅིག་ལུ་གྱུར་ཏེ་ཡོདཔ་ད་ ས་གནས་ཀྱི་མི་དང་ ལྟ་བཤལཔ་གཉིས་ཆ་རང་གིས་ འཕྲལ་འཕྲལ་ར་ ཕྱགས་སྙིགས་ཚུ་ སྣང་མེད་སྦེ་བཞག་དོ་ཡོདཔ་ད་ རྒེད་འོག་བདག་སྐྱོང་གིས་ མི་ཚུ་ལུ་ ཕྱགས་སྙིགས་འཛིན་སྐྱོང་གི་སྐོར་ལས་ ཤེས་ཡོན་བྱིན་ནི་ལུ་ རྩ་འགེངས་ཡོད་རུང་ མི་ཚུ་གི་སྤྱོད་ལམ་ཚུ་ བསྒྱུར་བཅོས་འབད་ནི་དེ་ འཇམ་ཏོང་ཏོ་ཅིག་མིན་འདུག་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ ཕྱགས་སྙིགས་བཞག་ས་ རྒྱ་སྐྱེད་གཏང་ནིའི་དོན་ལུ་ འཆར་དངུལ་ཚུ་ཡང་ བགོ་བཀྲམ་འབད་དེ་ ཡོད་པའི་གནས་ཚུལ།
བཅོ་ལྔ་ལྷམོ།