༉ ལོ་༢ ཀྱི་རིང་ བར་མཚམས་བཞག་པའི་ཤུལ་ལས་ བཀྲིས་གཡང་རྩེ་ལུ་ཡོད་པའི་ མེ་ག་ཝཱཊ་༦༠༠ འབད་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ལཱ་ ལོག་འགོ་བཙུགས་ཡོདཔ་ཨིན་པས།
ལས་འགུལ་གྱིས་ ཡི་གུ་ཅིག་བཏང་མི་དང་འཁྲིལཝ་ད་ ཇའི་པར་ཀཱཤ་དང་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ སྤྱི་ཟླ་༧ པའི་ཟླ་ཕྱེད་ལས་ འགོ་ཐོག་གི་ ཁག་འབགཔ་ལཱ་ཚུ་ འཚོལ་སྒྲུབ་འབད་ནི་ འགོ་བཙུགས་འོང་ཟེར་ཨིན་པས།
འགོ་ཐོག་གི་ ལཱ་འབད་ནིའི་དོན་ལས་ ལས་བྱེདཔ་དག་པ་ཅིག་ ལས་འགུལ་གྱི་ས་ཁོངས་ནང་ ལྷོད་དེ་ཡོདཔ་ད་ ཊ་ཊ་གློག་མེ་དང་གཅིག་ཁར་ ཐབས་བྱུས་མཉམ་འབྲེལ་གྱི་སྐོར་ལས་ གྲོས་བསྟུན་འབད་བའི་བསྒང་ཡོདཔ་ད་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ ཁག་འབག་གི་འགན་ཁུར་དེ་ ཞི་བའི་ལཱ་འབད་ནི་སྦེ་ སླབ་སྟེ་ཡོདཔ་བཞིན་དུ་ ཞི་བའི་ལཱ་ཚུ་ནང་ ཆུ་བྱག་དང་ གློག་མེ་ཁང་ ཧེཌ་རེསི་ས་འོག་ལམ་ དེ་ལས་ གྲ་སྒྲིག་ལཱ་འབད་ནི་ཚུ་ ཚུདཔ་ཨིན་པས།
འགོ་ཐོག་ལས་སྣ་ཚུ་ ཆུ་ཁ་སྒྱུར་གཏང་ནི་དང་ ཧེཌ་རེསི་ས་འོག་ལམ་གྱི་ ས་འོག་ཨེ་ཌེཊ་ལ་སོགས་པ་ཚུ་ཡོདཔ་ཨིན་པས།
ཆུ་བྱག་དང་ གློག་མེ་ཁང་ དེ་ལས་ ཧེཌ་རེསི་ས་འོག་ལམ་བཟོ་སྐྲུན་དེ་ ཊ་ཊ་དང་གཅིག་ཁར་ ཐབས་བྱུས་མཉམ་འབྲེལ་ཐག་གཅད་དང་ སྐྱིན་འགྲུལ་ཐོག་ལས་ དངུལ་འབྲེལ་འབད་ནི་དེ་ འགྲུབ་ཞིནམ་ལས་རྐྱངམ་གཅིག་ འགོ་བཙུགས་ནི་ཨིན་པས།
ལས་འགུལ་གྱི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ གྲ་སྒྲིག་གི་ལཱ་ཚུ་གིས་ ལཱ་ངོ་མ་འབད་ནི་ འགོ་བཙུགས་པའི་སྐབས་ བཟོ་སྐྲུན་གྱི་ལཱ་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
གྲ་སྒྲིག་ལཱ་ཚུ་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༥ གནས་ནི་ལུ་ ཚོད་རྩིས་བཏོན་ཏེ་ཡོདཔ་བཞིན་དུ་ མ་དངུལ་ཚུ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ བྱིན་ནི་ཨིན་པས།
གནས་སྐབས་ཀྱི་ ལཱ་ཚུ་ཡང་ སྙན་སྒྲོན་གྱི་ ཡི་གུ་བཏང་པའི་ཤུལ་ལས་ ཉིན་གྲངས་༣༠ གྱི་ནང་འཁོད་ལུ་ འགོ་བཙུགས་དགོཔ་ཨིན་པས།
ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ ཁག་འབགཔ་གི་ ལཱ་གི་ཟད་འགྲོ་དེ་ དངུལ་ཀྲམ་ཐེར་འབུམ་༢༠ ཚོད་རྩིས་བཏོན་མི་ལས་ དངུལ་ཀྲམ་ཐེར་འབུམ་༡༥.༩ དེ་ ཇའི་པར་ཀཤ་ལས་སྡེ་དང་ དངུལ་ཀྲམ་ས་ཡ་༩༩༡ དེ་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ བགོ་བཀྲམ་འབད་དེ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལ་བ་ཅིན་ ཁག་འབགཔ་གི་ ལཱ་ཚུ་ཡང་ རིག་གསར་བཟོ་སྐྲུན་དང་ རྒྱ་གར་གྱི་ཁག་འབགཔ་ལས་སྡེ་ བ་ལི་ཅ་བཟོ་རིག་ལས་སྡེ་ལུ་བྱིན་ཏེ་ ལས་སྡེ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འབད་ནི་བཟུམ་ཡོདཔ་ཨིན་པས།
མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༥༤ གནས་ནི་གི་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།
མཁོ་ལོང་ཆུ་གློག་མེ་ལས་འགུལ་དེ་ སྤྱི་ལོ་༢༠༢༢ ལུ་ འཕྲོ་མཐུད་འབད་མ་ཚུགས་པར་ མཚམས་འཇོག་འབད་དགོཔ་བྱུང་ཡོདཔ་ད་ དེ་ཡང་ མོས་མཐུན་འབྱུང་མ་ཚུགསཔ་ལས་ ལས་སྡེ་༢ ཀྱི་ མཉམ་འབྲེལ་ཐབས་ལམ་དེ་ བཤོལ་བཞག་དགོཔ་བྱུང་ཡོདཔ་ཨིན་པས།
ཧེ་མ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ དངུལ་འབྲེལ་དེ་ བུ་ལོན་དང་ བདོག་གཏད་ཀྱི་དཔྱ་ཚད་ བརྒྱ་ཆ་༧༠:༣༠ དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ སཊ་ལུཇ་ ཇཱལ་ བིཌ་ཡུཊ་ ནི་གམ་(ཨེསི་ཇེ་བི་ཨེན་ཨེལ)ལས་སྡེའི་བར་ན་ བགོ་བཤའི་མ་རྩ་བརྒྱ་ཆ་༥༠ རེ་ཐོག་ལས་ རྐྱབ་ནི་སྦེ་ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་གོང་འཕེལ་གྱིས་ ཆུ་བྱག་དང་ ས་འོག་ལམ་གྱི་ གསར་སྒྲུབ་ཀྱི་ལཱ་ བརྒྱ་ཆ་༢༠ འབད་ནི་དང་ ལྷག་ལུས་ལཱ་ བརྒྱ་ཆ་༨༠ པོ་དེ་ ཇའི་པར་ཀཱཤ་ལས་སྡེ་གིས་ འབད་ནིའི་གྲོས་འཆར་ཡོདཔ་ཨིན་པས།
ཐབས་ལམ་དེ་ལུ་ ལས་སྡེ་༢ ཆ་ར་གིས་ ངོས་ལེན་འབད་ཡོད་རུང་ ཨེསི་ཇེ་བི་ཨེན་ཨེལ་ལས་སྡེ་གིས་ རྒྱབ་འགལ་འབད་དེ་ བརྒྱ་ཆ་༢༠ ལཱ་ག་ར་ ཐད་ཀར་དུ་ རྒྱ་གར་གྱི་ ཁག་འབག་ལས་སྡེ་ལུ་བྱིན་ཏེ་ ཡན་ལག་ཁག་འབགཔ་དེ་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ བྱིན་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ ངོས་ལེན་འབད་མ་བཏུབ་མི་དེ་ཡང་ དེ་གིས་ འབྲུག་གི་ལྕོགས་གྲུབ་གོང་འཕེལ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement