བཀྲིས་ཕུན་ཚོགས།

༉ རང་ཟླ་༥ པའི་ སྤྲེལ་ཟླ་ཚེས་བཅུ་དང་འབྲེལ་ཏེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་གྲུབ་ཆོས་གླིང་དྲུང་ཁག་ པདྨ་ཐང་རྒེད་འོག་ སྤྱིར་མཚོ་ས་ལུ་ཡོད་པའི་ ཨྱོན་རྣམ་གྲོལ་གླིང་དགོན་པ་ བང་ཊར་ལུ་ འགོ་དང་པ་ གྲོང་ཆོསཔ་༤ གིས་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་ཉམས་ལེན་ མཇུག་བསྡུཝ་དང་འབྲེལ་ ཚོགས་འབུམ་བསགས་ཡོདཔ་ཨིན་པས།

ཁོང་མཚམས་པ་༤ གིས་ སྤྱི་ལོ་༢༠༢༡ ལས་འགོ་བཙུགས་ཏེ་ སྒྲུབ་པ་ཉམས་ལེན་འབད་ནི་ འགོ་བཙུགས་ཏེ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།

ཧེ་མ་ལས་ གསེར་ཐིག་རྒེད་འོག་ ལར་རྒྱབ་ཆོས་མ་རི་ལུ་སྡོད་པའི་སྐབས་ལས་ར་ ཁོང་མཚམས་པ་ཚུ་གིས་ བླམ་ཨྱོན་རྣམ་གྲོལ་མཆོག་གི་ཕྱག་ཞུ་སྟེ་ ཆོས་སྒོར་ཞུགས་ཡོདཔ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ཞབས་ལས་ སའི་སྐྱིད་སྡུག་གནང་མི་ལུ་བརྟེན་ གཞིས་གསརཔ་སྦེ་ པདྨ་ཐང་རྒེད་འོག་ལུ་ ཆགས་ཡོདཔ་ཨིན་པས།

གཡུས་སྒོ་དེ་ནང་ འདི་བཟུམ་གྱི་ གྲོང་ཆོསཔ་ཚུ་གིས་ མི་ཚེའི་ནང་ བླ་མ་བརྟེན་ཏེ་ ལོ་གསུམ་ཕྱོགས་གསུམ་གྱི་ ཕྱི་ནང་གསང་༣ གྱི་ གདམས་སྔགས་ཚུ་ཞུ་ཞིནམ་ལས་ དཀའཝ་སྤྱད་དེ་ མཐར་འཁྱོལ་མི་དེ་ འགོ་དང་པ་ཨིན་ཟེར་ སློབ་དཔོན་ཀུན་ལེགས་ཀྱིས་ བཤདཔ་ཨིན་པས།

ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཆེན་ཕུག་རྒེད་འོག་ འཇམ་དཔའ་ནི་བདུད་འཇོམས་ཆོས་འཁོར་གླིང་གྲྭ་ཚང་གི་ བླམ་པདྨ་ཨྱོན་རྣམ་གྲོལ་མཆོག་དབུ་བཞུགས་ཐོག་ བླ་སྤྲུལ་ མཚམས་པ་ དགེ་སློང་ཞལ་གྲངས་༡༠༠ དེ་ཅིག་གིས་ ཚོགས་ཀྱི་འཁོར་ལོ་བསྐོར་ཏེ་ གྲོལ་གནང་ཡོདཔ་ཨིན་པས།

མིའི་ལུས་རྟེན་ཐོབ་པའི་ཤུལ་ དམ་པའི་ཆོས་ཞིག་མ་འབད་བ་ཅིན་ ཚེ་ཕྱི་མ་ ག་ཏེ་འགྱོ་ནི་ཨིན་ན་ ཤེས་མི་ཚུགས་ནི་ཨིནམ་ལས་ ད་ལྟོ་བར་ཆད་བསལ་ནི་དང་ ཕྱི་མ་ངན་སོང་གི་སྡུག་བསྔལ་ལས་འགྲོལ་ཐབས་ལུ་ ཐབས་ལམ་སྦོམ་ཅིག་ བླམ་བསྟེན་ཞིནམ་ལས་ ལོ་༣ ཕྱོགས་༣ གྱི་མཚམས་བཅད་དེ་ སྒོམ་ཉམས་ལེན་ཚུ་ འབད་དགོཔ་གལ་ཆེ་ཤོས་ཅིག་ཨིན་པས།

ཁོང་ཚུ་གིས་ ལོ་༡ གི་ སྔོན་འགྲོ་གནང་པའི་ཁར་ དམ་མཚམས་ལུ་ ལམ་ཚུ་ལས་ འགྱོ་མ་ཆོགཔ་སྦེ་ བཅད་བཞག་ཞིནམ་ལས་ བླ་མ་ཟླཝ་༣ སྒྲུབ་པ་ཟླཝ་༣ སྦེ་ ཟླཝ་༦ གི་ནང་འཁོད་ བླ་སྒྲུབ་ཀྱི་ངན་པ་ཚུ་ བསགས་སྦྱང་གནང་ཡོདཔ་ད་ ཟླ་ངོ་༦ གི་རིང་ ཡི་དམ་བསྒྲུབ་ནི་དང་ ཟླ་ངོ་༦ གི་མཁའ་འགྲོ་ཚུ་ བསྒྲུབ་དགོཔ་ཡོདཔ་སྦེ་ སློབ་དཔོན་ཀུན་ལེགས་ཀྱིས་ སླབ་ཨིན་པས།

དེ་བཟུམ་སྦེ་ ཁྲོས་མ་དང་ འཆི་མེད་སྲོག་ཐིག་གི་ མཚམས་པ་དང་སྒྲུབ་པ་ཚུ་ ལོ་༣ ཟླཝ་༣ ཞག་༣ ཚུན་ མཚམས་ཁང་ནང་ དཀའཝ་བཅད་དགོཔ་ཨིན་ཟེར་ཨིན་པས།

དེ་སྦེ་ མཚམས་བཅད་ནི་ཟེར་ འོང་མི་ཚུ་ཡང་ རང་སོའི་སྤྲོ་བ་དང་དང་འདོད་འཁྲིལ་ཏེ་ གོ་སྐབས་སྤྲོད་ཡོདཔ་མ་གཏོགས་ ག་གིས་ཡང་ ཨུ་འཛུགས་བསྐྱེད་དགོཔ་མེདཔ་ཨིན་པས།

ཁོང་ར་མཚམས་བཅད་བཞུགས་པའི་སྐབས་ ཆོས་སྡེ་དང་ སྒོམ་སྡེ་ཐོག་ལས་ བཟའ་བཅའ་འགྲོ་༣ གྱི་ རྒྱབ་སྐྱོར་ཧྲིལ་བུམ་བྱིན་པའི་ཁར་ མི་རེ་གཉིས་ཀྱིས་ དད་པ་བསྐྱེད་ཐོག་ལས་ སྦྱིན་བདག་ཐོན་མི་ཡང་ཡོདཔ་ལས་ མཚམས་བཅད་པའི་དུས་ཚོད་རྫོགས་མི་དང་འཁྲིལ་ མཚམས་པ་ཚུ་གིས་ སྤུན་ཆ་དང་ ངོ་ཤེས་དྲི་ཤེས་ གཡུས་ཁའི་མི་སེར་ དེ་ལས་ མ་དངུལ་དང་འཚོ་བའི་ སྦྱིན་བདག་ཐོན་མི་ག་ར་ ལེགས་ཤོམ་སྦེ་ མཇུག་བསྡུ་བའི་རྟེན་འབྲེལ་ནང་ འོང་ཡོད་པའི་གནས་ཚུལ།

Advertisement