༉ འབྲུག་གི་ མཚེ་མ་མཉམ་འབྱར་ འགོ་དང་པ་ ཉི་མ་འཇམ་དབྱངས་དཔལ་སྒྲོན་དང་ ཟླ་བ་སངས་རྒྱས་དཔལ་ལྡན་སྒྲོན་༢ ཀྱིས་ ཕུན་ཚོགས་གླིང་ བསོད་ནམས་སྒང་སློབ་གྲྭ་ཆུང་བའི་ སློབ་རིམ་དང་པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།
ཁོང་༢ དུས་ཅི་སྤྱི་ཟླ་༧ པའི་ཚེས་༡༤ ལུ་ སྐྱེས་ལོ་༧ ལང་ནི་ཨིནམ་བཞིན་དུ་ གཟུགས་ཁམས་སྒྲིང་སྒྲི་སྦེ་ར་ སྦོམ་འགྱོ་དོ་ཡོདཔ་ཨིན་པས།
ཁོང་༢ ཀྱི་ཨའི་ བུམ་ཆུ་དབང་མོ་གིས་ སླབ་མིའི་ནང་ ཨཱསི་ཊེ་ལི་ཡ་ལུ་ མོ་རའི་ཨ་ལོ་ མཚེ་མ་མཉམ་འབྱར་འབད་མི་དེ་ སོ་སོར་འཕྱལ་གཏང་ནིའི་དོན་ལུ་ འབག་པའི་ཤུལ་ལས་ སྟབས་མ་བདེཝ་ཚུ་ ག་ནི་ཡང་ མ་འབྱུང་པའི་ཁར་ བཞེས་སྒོ་དང་ རྩེདམོ་ཚུ་ཡང་ ལེགས་ཤོམ་སྦེ་ རྩེད་ཚུགས་ཏེ་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཧེ་མ་ ཉི་མ་དེ་ གཟུགས་སྟོབས་ལེགས་ཤོམ་ཡོདཔ་བཞིན་དུ་ ད་རེས་ མཚེ་མ་མཉམ་འབྱར་༢ པོ་ཆ་ར་ འཕྲོད་བསྟེན་ལེགས་ཤོམ་ཡོད་པའི་ཁར་ ལྗིད་ཚད་ཡང་ འདྲན་འདྲ་སྦེ་ཡོད་ཟེར་ཨིན་པས།
ཨིན་རུང་ བུམ་ཆུ་དབང་མོ་གིས་ སླབ་མིའི་ནང་ ཨ་ལོ་ཅིག་ ཚ་རིམས་ཐོབ་པའི་སྐབས་ གཞན་མི་དེ་ཡང་ རང་བཞིན་གྱིས་ འཐོབ་མས་ཟེར་ཨིན་པས།
ཨ་ལོ་༢ པོ་ཆ་ར་ རྩེདམོ་རྩེད་བའི་སྐབས་ ཡར་མཆོངསམ་ད་ ཁ་ལས་སྐྱུགས་དོ་ཡོདཔ་ད་ ཨ་ལོ་ཅིག་ ཁ་ལས་སྐྱུགས་པའི་སྐབས་ གཞན་མི་དེ་ཡང་ སྐྱུགསཔ་མས་ཟེར་ཨིན་པས།
ཉི་མ་དང་ ཟླ་བ་༢ པོ་ཆ་ར་ སློབ་རིམ་གཅིག་ནང་ སྡོད་དོ་ཡོད་རུང་ འབྲི་ཁྲི་སོ་སོར་ནང་ སྡོད་དོ་ཡོདཔ་ཨིན་པས།
བུམོ་ཆུ་དབང་མོ་གིས་ སླབ་མིའི་ནང་ ན་ཧིང་ ཨ་ལོ་༢ བློ་གསར་སློབ་རིམ་ནང་ སྡེ་ཚན་སོ་སོར་ཡོདཔ་ལས་ ཞལ་འཛོམས་དང་ ལས་སྣ་གཞན་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བདའ་མི་ཟུན་དོ་ཡོདཔ་ལས་ སློབ་དཔོན་ཚུ་ལུ་ ཞུ་བ་འབད་དེ་ དུས་ཅི་ལས་ སློབ་ཁང་ཅིག་ནང་ བཞག་བཅུག་ཡི་ཟེར་ཨིན་པས།
མཚེ་མ་མཉམ་འབྱར་གྱི་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ ཟླ་བ་དེ་ རྫོང་ཁའི་ཆོས་ཚན་དང་ ཉི་མ་དེ་ ཨིང་སྐད་ཆོས་ཚན་ནང་ ལེགས་ཤོམ་ཡོད་ཟེར་ཨིནམ་ད་ ཨིན་རུང་ ཨ་ལོ་༢ པོ་ཆ་ར་ བརྡ་དོན་འཕྲུལ་རིག་ཆོས་ཚན་ནང་ ལེགས་ཤོམ་ཡོདཔ་བཞིན་དུ་ སྤྱིར་བཏང་ཆོས་ཚན་ཚུ་ནང་ ལེགས་ཤོམ་ཡོད་ཟེར་ཨིན་པས།
ཉི་མ་དང་ ཟླ་བ་དེ་ ཀུན་ཚང་ཤེས་ཡོན་ནང་ ལེགས་ཤོམ་ཡོད་རུང་ གཟུགས་ཀྱིས་འབད་དགོ་པའི་ ལས་སྣ་ཚུ་ལས་ འཛེམ་དགོཔ་བྱུང་དོ་ཡོདཔ་ཨིན་པས།
ཉི་མ་དང་ ཟླ་བ་གིས་ ཆ་རོགས་ཚུ་དང་ ལེགས་ཤོམ་སྦེ་ སྡོད་ཡོད་པའི་ཁར་ ཆ་རོགས་ཚུ་ཡང་ ཁོང་༢ ཀྱི་ཁྱིམ་ནང་ འཁྱིད་འགྱོ་དོ་ཡོདཔ་མ་ཚད་ སློབ་གྲྭ་ནང་ གཅིག་ཁར་འགྱོ་དོ་ཟེར་ བུམ་ཆུ་དབང་མོ་གིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ཡི་གུ་ཚུ་ཡང་ ཉི་མ་གིས་ ལགཔ་གཡོནམ་དང་ ཟླ་བ་གིས་ ལགཔ་གཡསཔ་གིས་ འབྲི་དོ་ཡོདཔ་ད་ ཕྱི་ཁར་འགྱོ་བའི་སྐབས་ ཁོང་༢ ཆ་ར་ གོ་ལ་ཅོག་འཐདཔ་སྦེ་ གྱོན་བྱིན་དོ་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་ ཚེ་དབང་གིས་ སླབ་མིའི་ནང་ སློབ་གྲྭ་ནང་ ཨ་ལོ་༢ ལུ་ དམིགས་བསལ་ཐོག་ལས་ བདག་འཛིན་འབད་དོ་ཡོདཔ་བཞིན་དུ་ ཨ་ལོ་༢ པོ་ཆ་ར་ བྱ་སྤྱོད་འབད་རུང་ ལེགས་ཤོམ་ཡོད་ཟེར་ཨིན་པས།
ཉི་མ་དང་ ཟླ་བ་དེ་ འབྲུག་ལུ་ མཚེ་མ་མཉམ་འབྱར་ འགོ་དང་པ་ཨིནམ་ད་ ཁོང་ར་༢ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༡༣ ལུ་ ཕུན་ཚོགས་གླིང་སྨན་ཁང་ནང་ སྐྱེས་ཡོདཔ་ད་ ཁོང་༢ བྱང་ཁོག་སྨད་གཅིག་ཁར་ མཐུད་དེ་ཡོདཔ་ཨིན་པས།
མཚེ་མ་མཉམ་འབྱར་དེ་ གཤག་བཅོས་ཀྱི་དོན་ལུ་ ཨཱསི་ཊེ་ལི་ཡ་ མེལ་བཱོན་གྱི་ རྒྱལ་འཛིན་ཨ་ལོའི་སྨན་ཁང་ནང་ འབག་སོང་ཡོདཔ་ད་ གཤག་བཅོས་ཀྱི་ཟད་འགྲོ་ཚུ་ཡང་ མེལ་བཱོན་གྱི་ གཞི་ཚོགས་ཀྱིས་ བཏང་ཡོདཔ་ཨིན་པས།
ཁོང་༢ ཨཱསི་ཊེ་ལི་ཡ་ལུ་ སྤྱི་ལོ་༢༠༡༨ ཟླ་༡༠ པའི་ཚེས་༡ ལུ་ སོང་ཡོདཔ་བཞིན་དུ་ ཟླ་༡༡ པའི་ཚེས་༩ ལུ་ དུས་ཡུན་ཆུ་ཚོད་༦ གི་ནང་འཁོད་ མཐར་འཁྱོལ་ཅན་སྦེ་ གཤག་བཅོས་འབད་ཡོདཔ་ཨིན་པས།
གཤག་བཅོས་འབད་བའི་ཤུལ་ལས་ ལྟ་རྟོག་གི་དོན་ལུ་ སྨན་ཁང་ནང་ ཟླཝ་དག་པ་ཅིག་བཞག་སྟེ་ སྤྱི་ལོ་༢༠༡༩ ཟླ་༣ པའི་ཚེས་༧ ལུ་ ལོག་རྒྱལ་ཁབ་ནང་ འོང་ཡོདཔ་ཨིན་པས།
བསོད་ནམས་སྒང་སློབ་གྲྭ་ཆུང་བའི་ནང་ ཨ་ལོ་མཚེ་མ་སྦེ་སྐྱེས་མི་༦ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།