༉ སྤྱི་ལོ་༢༠༢༠ ལས་ འགོ་བཙུགས་ཏེ་ ད་ལྟོ་ཚུན་ཚོད་ སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལྷན་ཁག་གིས་ རྫོང་ཁ་གནས་ཚད་བརྟག་དཔྱད་ལམ་ལུགས་ཐོག་ལས་ རྫོང་ཁ་ལྕོགས་གྲུབ་ཀྱི་ ཆོས་རྒྱུགས་ཚར་༨ འགོ་འདྲེན་འཐབ་ནུག།
ལམ་ལུགས་དེ་ མོ་བཏབ་ཐོག་གི་ རྫོང་ཁ་ཆོས་རྒྱུགས་ཨིནམ་བཞིན་དུ་ རྫོང་ཁ་ནང་ དང་འདོད་ཡོད་མི་ མི་ངོམ་༣༠༠ མ་ལངམ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མི་ངོམ་ཚུ་ཡང་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ མི་མང་བདག་སྐྱོང་ནང་ སྦྱོང་བརྡར་འབད་མི་དང་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་དང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ བསམ་རྩེ་རྫོང་ཁག་གི་ ཞི་གཡོག་སྡེ་རིམ་པི་༥ པ་ལས་ པི་༡ པ་ ས་གནས་གཞུང་གི་འགོ་ཁྲིདཔ་ ལྷན་ཁག་གི་ལས་བྱེདཔ་ དེ་ལས་ ལས་ཁུངས་ཀྱི་ འགོ་དཔོན་ཚུ་ཨིན་པས།
ཡོངས་འབྲེལ་ཐོག་མིན་པའི་ ལམ་ལུགས་ཀྱི་ཆོས་རྒྱུགས་དེ་ མི་ག་ར་ལུ་ རྫོང་ཁ་ནང་ ལྷག་ནི་དང་ འབྲི་ནི་ སླབ་ནི་ དེ་ལས་ ཉན་ནི་གི་ རིག་རྩལ་ཚུ་ དབྱེ་ཞིབ་ནིའི་དོན་ལུ་ བཟོ་ཡོདཔ་མ་ཚད་ ལས་སྡེ་མ་འདྲཝ་ཚུ་གིས་ མ་འདྲཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ལས་ གཅིག་མཚུངས་ཐོག་ རྫོང་ཁ་ཆོས་རྒྱུགས་ལེན་ནིའི་དོན་ལུ་ཡང་ཨིན་པས།
ལ་འཛིན་དང་རྫོང་ཁ་གོང་འཕེལ་ལྷན་ཁག་གི་ ཞིབ་འཚོལ་གཙོ་འཛིན་འོགམ་ བསོད་ནམས་རིན་ཆེན་གྱིས་ སླབ་མིའི་ནང་ ཆོས་རྒྱུགས་དེ་ ངེས་པར་དུ་ ལེན་མི་དགོ་ནི་ཨིནམ་ད་ སྐུགས་ཀྱི་ཚད་གཞི་༡ ལས་༡༠ ཚུན་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆོས་རྒྱུགས་ནང་ བཅའ་མར་གཏོགས་མི་ཚུ་གི་ སྤྱིར་སྙོམས་སྐུགས་ཚད་ བརྒྱ་ཆ་༥.༥ ཐོབ་སྟེ་ཡོད་མི་དེ་ ངོས་ལེན་རྐྱངམ་གཅིག་ཡོདཔ་ད་ རེ་གཉིས་ཀྱིས་ སྐུགས་ཚད་༡༠ ལས་༧ ཐོབ་མི་ཚུ་ཡང་ ཡོད་ཟེར་ཨིན་པས།
བསོད་ནམས་རིན་ཆེན་གྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ མང་ཤོས་ཅིག་གིས་ ཉན་ནི་དང་ སླབ་ནིའི་ ཆོས་རྒྱུགས་ནང་ ལེགས་ཤོམ་རྐྱབ་སྟེ་ཡོད་རུང་ ལྷག་ནི་དང་ འབྲི་ནི་དབྱེ་ཁག་ནང་ ལཱ་ཁག་བཏང་སྟེ་ འདུག་ཟེར་ཨིན་པས།
འབྲི་ནིའི་དབྱེ་ཁག་ནང་ བཅའ་མར་གཏོགས་མི་ཚུ་ལུ་ གཞུང་འབྲེལ་གྱི་ ཡི་གུ་འབྲི་ནི་དང་ གཞུང་འབྲེལ་བརྗེད་ཐོ་ཡིག་ཆ་ འབྲི་རྩོམ་འབྲི་ནི་ལ་སོགས་པ་ཚུ་ བྱིན་ཏེ་ཡོདཔ་ཨིན་པས།
ལྷག་ནིའི་ དབྱེ་ཁག་ནང་འབད་བ་ཅིན་ ཚིག་བཅད་༢ བྲིས་བཅུག་ཡོདཔ་ད་ སླབ་ནི་གི་ ཆོས་རྒྱུགས་ནང་ དོན་ཚན་ཅིག་བྱིན་ཞིནམ་ལས་ གྲ་སྒྲིག་མེད་པའི་གསལ་བཤད་ཚུ་ བཏང་བཅུག་ཡོདཔ་ཨིན་པས།
ཉན་ནི་གི་ ཆོས་རྒྱུགས་དེ་ ཐོད་སྒྲ་ཅིག་བྱིན་ཞིནམ་ལས་ ལེན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲི་ནི་གི་ ཆོས་རྒྱུགས་ནང་ གདམ་ཁ་སྣ་མང་དང་ ལན་ཐུང་དྲི་བ་ རྫོད་ཚིག་མཇུག་བསྡུ་དགོཔ་ ས་སྟོང་བསུབ་ནི་ བཅུད་བསྡུ་དྲི་བ་ལ་སོགས་པ་ཚུ་ ཡོདཔ་ཨིན་པས།
ཉན་ནི་དང་ ལྷག་ནི་གི་ ཆོས་རྒྱུགས་ནང་ སྐུགས་༥༠ གི་ དྲི་བ་༥༠ ཡོདཔ་ཨིན་པས།
སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལྷན་ཁག་གི་ དྲུང་ཆེན་བསོད་ནམས་དབང་རྒྱལ་ལས་ ཡིག་ཚང་བཀའ་རྒྱ་ཐོག་ སྤྱི་ཟླ་༡༡ པའི་ཚེས་༢༦ ལས་༢༧ ལུ་ ལྷན་ཁག་གི་ ལས་བྱེདཔ་༤༠ གིས་ ཆོས་རྒྱུགས་རྐྱབ་ཡོདཔ་བཞིན་དུ་ སྤྱིར་སྙོམས་ལུ་ ཁོང་ཆ་ཁྱབ་ཀྱིས་ སྐུགས་༥ ལས་བརྒལ་ མ་ཐོབ་ཨིན་པས།
བསོད་ནམས་རིན་ཆེན་གྱིས་ སླབ་མིའི་ནང་ ལྷན་ཁག་གིས་ མ་འོངས་པ་ལུ་ གཞན་ཚུ་ལུ་ ཆོས་རྒྱུགས་འགོ་འདྲེན་འཐབ་ནིའི་ ལས་རིམ་ཡོདཔ་བཞིན་དུ་ ཆོས་རྒྱུགས་ཡང་ རིན་མེད་སྟོང་པ་ཨིན་ཟེར་ཨིན་པས།
ལམ་ལུགས་དེ་ རྒྱལ་སྤྱི་ཨིང་སྐད་ཤེས་ཡོན་བརྟག་དཔྱད་ལམ་ལུགས་ ཨའི་ཨི་ཨཱེལ་ཊི་ཨེསི་བཟུམ་ཨིནམ་བཞིན་དུ་ སྐུགས་ཚད་ཚད་གཞི་དེ་༡ ལས་༩ ཡོདཔ་ཨིན་པས།
བསོད་ནམས་རིན་ཆེན་གྱིས་ སླབ་མིའི་ནང་ ཆོགས་རྒྱུགས་ཀྱིས་ རྫོང་ཁ་གོང་འཕེལ་གཏང་ནི་དང་ རང་ལུགས་ཀྱི་ ལམ་སྲོལ་ཚུ་ ཉམས་སྲུང་འབད་ནི་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
ལམ་ལུགས་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བཀའ་རྒྱ་གནང་ཐོག་ལས་ བཟོ་ཡོད་རུང་ གནད་དོན་དེ་ལུ་ ལྷན་ཚོགས་ཀྱི་ཁ་ཐུག་ལས་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།