༉ ལས་མི་དང་ ལཱ་གཡོག་ལྷན་ཁག་གི་ ཞིབ་དཔྱད་སྙན་ཞུ་གསར་བཏོན་ འབད་མི་དང་འཁྲིལཝ་ད་ འབྲུག་མི་ མི་ཌལ་ཨིསཊ་ནང་ ལཱ་འབད་མི་ཆ་ཁྱབ་ དངུལ་ཕོགས་དང་ སྡོད་གནས་ལུ་བརྟེན་ ཁོང་ལུ་ཞི་བདེ་མེད་མི་གིས་ སེམས་མ་དགའ་བར་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༢༣ གྱི་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ ལྟ་རྟོག་ཞིབ་འཇུག་སྙན་ཞུ་ནང་ འབྲུག་མི་ལཱ་འབད་མི་༩༠༠ དེ་ཅིག་ ཀུ་ཝེཊ་ ཀ་ཊར་ བཱ་རེན་ དེ་ལས་ ཡུ་ཨེ་ཨི་ཚུ་ནང་ཡོད་པའི་ ཉམས་མྱོང་ལུ་གཞི་བཞག་ཐོག་འབདཝ་ད་ ཁོང་ཆ་ཁྱབ་ལུ་ དངུལ་ཕོགས་དང་ སྡོད་ས་ དེ་ལས་ ཁེ་ཕན་གཞན་གྱི་གནས་སྟངས་དེ་ ཚ་གྱང་ཅན་ཅིག་སྦེ་ཡོདཔ་ཨིན་པས།
སྙན་ཞུ་ལྟར་དུ་འབདཝ་ད་ དངུལ་འབྲེལ་གྱི་དཀའ་ངལ་དེ་ ཕྱི་རྒྱལ་ལུ་ལཱ་གཡོག་འཚོལ་མི་ དེད་གཡོགཔ་ཅིག་གིས་ སླབ་མི་ལུ་ བརྒྱ་ཆ་༤༢ དེ་ཅིག་གིས་ གནད་དོན་དེ་ ཅོག་ཅིགཔ་སྦེ་ཡོད་པའི་ ལོ་རྒྱུས་སླབ་ཡོདཔ་ད་ ཁས་ལེན་འབད་དོ་བཟུམ་སྦེ་ འཐུས་ཚུ་ལངམ་སྦེ་ བྱིན་ནི་མེད་པའི་ཁར་ མང་ཤོས་ཅིག་གིས་ ཉོགས་བཤད་བཀོད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཁོང་ལུ་ཐོབ་སྟེ་ཡོད་པའི་ འོང་འབབ་དང་ ཁོང་གི་རེ་འདོད་བསྐྱེད་མི་ཚུ་ གཅིག་མཚུངས་མེད་མི་དེ་ཨིནམ་སྦེ་ སླབ་དོ་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ཟླ་རིམ་གྱི་དངུལ་ཕོགས་དེ་ དངུལ་ཀྲམ་༥,༠༠༠ དང་༡༥,༠༠༠ གི་བར་ན་ཡོདཔ་ད་ ཕྱི་རྒྱལ་གྱི་འོང་འབབ་དེ་ དངུལ་ཀྲམ་༣༠,༠༠༠ དང་༤༠,༠༠༠ གི་བར་ན་ཨིནམ་བཞིན་དུ་ འབྲེལ་བ་འཐབ་མི་བརྒྱ་ཆ་༥༢.༧ གྱིས་ བཀོད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཐོབ་བཞིན་དུ་ཡོད་པའི་ དངུལ་ཕོགས་དེ་གིས་ ལང་མི་ཚུགས་པས་ཟེར་ བཀོད་མི་དེ་ཡང་ མི་ཌལ་ཨིསཊ་ནང་ལུ་ གནས་སྟངས་དེ་ མཐོ་སུ་སྦེ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
སྙན་ཞུའི་ནང་ ལཱ་གཡོག་འབད་མི་ཚུ་གིས་ རེ་འདོད་བསྐང་མ་ཚུགས་མི་ཚུ་ནང་ དངུལ་ཕོགས་ཡར་སེང་ དུས་ཐེབས་འཐུས་ དུས་ཚོད་དང་བསྟུན་པའི་ཁེ་འཐུས་ཚུ་ དམ་སྒྲིང་འབད་བཞག་སྟེ་ བྱིན་མ་བཏུབ་པས་ཟེར་ ལས་མི་བརྒྱ་ཆ་༡༨.༦ གིས་ བཤད་པའི་ཁར་ ལཱ་ཕྱིས་ཏེ་འབད་དགོ་ནི་དང་ དེ་ལུ་འཐུས་བྱིན་ནི་མེད་མི་ཚུ་ཡང་ ཡོདཔ་ཨིན་པས།
ཞིབ་འཇུག་ནང་ ལཱ་འབད་མི་ཚུ་གི་ བསམ་ལན་བཀོད་དོན་ལྟར་ དངུལ་ཕོགས་ཡར་སེང་ དངུལ་ཕོགས་དུས་ཚོད་ཁར་བྱིན་ནི་ སྨན་བཅོས་ཀྱི་ ཉེན་བཅོལ་ཚུ་གི་ གནད་དོན་དེ་ གལ་གནད་ཅན་ཅིག་ལུ་ གྱུར་ཡོདཔ་སྦེ་ བཀོད་དེ་འདུག།
ལ་ལོ་ཅིག་གིས་ འབད་བ་ཅིན་ ཁོང་ཆ་ཁྱབ་ཀྱི་ སྡོད་གནས་ཚུ་ ལེགས་བཅོས་འབད་དགོ་པའི་ཁར་ འཐུས་ཚུ་ཡང་ ཡར་སེང་འབད་དགོཔ་འདུག་ཟེར་ཨིནམ་ད་ ལཱ་འབད་བའི་གནས་སྟངས་ལུ་ བལྟ་ནི་གིས་མ་དོ་བར་ གཞུང་གི་ཁ་ཐུག་ལས་ ལཱ་འབད་བར་སོང་མི་ཚུ་ ལོག་འོང་ནིའི་དོན་ལུ་ རྒྱབ་སྐྱོར་གྱི་འགན་ཁུར་ འབག་དགོཔ་འདུག་ཟེར་ཨིན་པས།
ཁོང་ཆ་ཁྱབ་ ལོག་འབྲུག་ལུ་ལྷོད་ཞིནམ་ལས་ ཚོང་འབྲེལ་གྱི་སྦྱོང་བརྡར་དང་ རིག་རྩལ་ལས་རིམ་ དེ་ལས་ གཞན་ཡང་ ཚོང་འབྲེལ་གོང་འཕེལ་གྱི་གྲོགས་རམ་ཚུ་ འབད་དགོཔ་འདུག་ཟེར་ཨིན་པས།
ཕྱི་རྒྱལ་ལུ་ ལཱ་འབད་མི་ཚུ་ ལོག་འབྲུག་རྒྱལ་ཁབ་ནང་ འོང་སྟེ་འབད་བ་ཅིན་ གལ་སྲིད་ ཁོང་ཆ་ཁྱབ་ལུ་ ཚོང་འབྲེལ་དང་བསྟུན་པའི་ ཉམས་མྱོང་ཚུ་ཡོདཔ་འདྲཝ་ འབད་བ་ཅིན་ གཞུང་གིས་ བར་འཛུལ་ཐོག་ ཆོག་ཐམ་བཏོག་ནི་དང་ བསྐྱིན་འགྲུལ་གྱི་དོན་ལུ་ གྲོགས་རམ་གནང་དགོཔ་འདུག་ཟེར་ཨིན་པས།
རང་རྐྱང་གི་ མ་དངུལ་ཐོག་ལས་ ཚོང་འབྲེལ་འགོ་བཙུགས་ནི་དེ་ ལཱ་ཁག་འདུག་ཟེར་ཨིནམ་ད་ འདི་བཟུམ་གྱི་ ཕྱི་རྒྱལ་ལས་ ཉམས་མྱོང་དང་བཅསཔ་སྦེ་ ལོག་འོང་མི་ཚུ་ལུ་ རྒྱབ་སྐྱོར་འབད་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
ལཱ་གཡོག་གི་ གནས་རིམ་ལྟར་དུ་འབདཝ་ད་ བརྡ་དོན་དང་ རྒྱུན་འབྲེལ་ལཱ་གཡོག་ལྷན་ཁག་གིས་ ལས་བྱེདཔ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ནི་དེ་ གདོང་ལེན་སྦོམ་ཤོས་ཅིག་ཨིན་ཟེར་ཨིན་པས།
འདི་དང་འདྲཝ་སྦེ་ སྒེར་གྱི་ངོ་ཚབ་ཚུ་གིས་ཡང་ འགན་ཁུར་ཐེབས་ཅིག་ར་ འབག་ཡོདཔ་ད་ དབང་ཕྱུག་ཕྱི་རྒྱལ་ལཱ་གཡོག་ངོ་ཚབ་དང་ རུ་མི་ཕྱི་རྒྱལ་ལཱ་གཡོག་ངོ་ཚབ་ཀྱིས་ ལཱ་གཡོག་གི་གྱངས་ཁ་ཚུ་ བརྒྱ་ཆ་༢༧.༥ དང་ ༡༢.༧ སྦེ་ ཡོདཔ་ཨིན་པས།
འབྲུག་མི་ཕྱི་རྒྱལ་ལུ་ ལཱ་འབད་མི་ཚུ་གི་དོན་ལུ་ གཞུང་དང་ ངོ་ཚབ་ཚུ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་ཡོདཔ་སྦེ་ སྙན་ཞུའི་ནང་ འཁོད་དེ་འདུག།
འདི་བཟུམ་གྱི་ གདོང་ལེན་ཡར་སེང་སོང་མི་དེ་ འབྲུག་པའི་ན་གཞོན་ཚུ་ མི་ཌལ་ཨིསཊ་ནང་ ལཱ་གཡོག་གི་གོ་སྐབས་ འཚོལ་མི་ལུ་བརྟེན་ཨིནམ་ད་ ནང་འཁོད་ལུ་ ལཱ་གཡོག་ཚད་ཅིག་ལས་བརྒལ་མེད་མི་དང་ དངུལ་ཕོགས་ལངམ་སྦེ་ མེད་མི་ལུ་བརྟེན་ ཕྱི་རྒྱལ་ལུ་ ལཱ་འབད་ནི་དེ་ ངོས་ལེན་ཅན་ཅིག་ལུ་ གྱུར་ཡོདཔ་སྦེ་ སྙན་ཞུའི་ནང་ གསལ་བཀོད་འབད་དེ་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།